国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱང་བཞུད་ཟླ་བ་ ཁེར་འགྲོ།

མཁའ་དབྱིངས་འཇའ་ཚོན་རྒྱུ་བའི་ཕར་ནང་ལ། །

རེ་འདུན་གཤོག་པ་ཁུར་བའི་ཟླ་བ་ལགས། །

མཚར་སྡུག་འོད་སྣང་རྒྱས་པའི་ལ་རྩེ་ནས། །

ང་ཡི་སེམས་འདི་ཁྱོད་ཀྱི་པང་ལ་ཤོར། །

ཚེ་སྲོག་མར་མེ་རྐོང་བུ་མ་གཟིམ་བར། །

ངག་རིག་དབྱངས་རྟའི་རྒྱུན་ཐག་ཆད་པ་མེད། །

སྡེབ་ལེགས་ཚིག་གི་འཁྲི་ཤིང་རྒུད་པ་མེད། །

སྙན་དབྱངས་པདྨའི་གཟི་མདངས་ཉམས་པ་མེད། །

ཉིན་ནས་རིང་དུ་མི་ཡི་ཁ་དོག་བྲིས། །

རི་མོ་ཁ་དོག་མང་བའི་དབྱངས་རྟ་འཚོལ། །

འཇའ་ཡི་ཟེར་ཐག་ངོམས་པའི་ཕ་མཐའ་ན། །

ང་ཡི་སྙིང་ལ་འཛུམ་པའི་རི་བོང་འཛིན། །

ཁྱོད་ཀྱི་གམ་དུ་ང་ཡི་དབྱར་ཁ་ཚེས། །

དབྱར་ཁའི་སྤང་ལ་བརྩེ་བའི་མེ་ཏོག་བཞད། །

ཁྱོད་ཀྱི་གམ་དུ་ང་ཡི་སྟོན་ཁ་ཚེས། །

སྟོན་གྱི་མཚམས་ལ་དུང་བའི་སྙིང་གཏམ་གླེང་། །

ཕྱི་མའི་ལམ་འཕྲང་བརྒལ་ཏེ་འགྲོ་ཉིན་དེར། །

ཡོད་ཚད་ཤུལ་དུ་ལུས་པར་མི་སྐྱོ་ཞིང་། །

རང་ཉིད་བདེ་བར་གནས་པའི་སྐབས་དུས་སུ། །

ངག་རིག་དབྱངས་རྟའི་འགྱུར་ཁུག་བརྩམས་པས་ཆོག །

རི་བོ་མཐོན་པོ་ཞིག་ལ་རྒྱང་སོ་བཙུགས། །

ཉི་ཟླའི་འཛུམ་ལ་སྒོམ་དེ་ཁེར་རྐྱང་ལུས། །

ཆུ་བོ་དྭངས་མོ་ཞིག་ལ་འདུན་མ་གཏད། །

རྒྱ་མཚོའི་འཇིངས་ལ་བསམས་ནས་དམིགས་འདུན་འཚོལ། །

འདི་ནི་ཚོར་བས་བསླས་པའི་མགུར་དབྱངས་ཤིག །

འདི་ནི་བརྩེ་བས་སླད་པའི་ལ་གཞས་ཤིག །

འདི་ནི་དབྱངས་ལ་བརྒྱུས་པའི་འགྱུར་ཁུགས་ཤིག །

འདི་ནི་སེམས་ལ་འཁྲུངས་བའི་རེ་འབྲས་ཤིག །

༼ ཁམས་ཟླ་སྲས། ༽