国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚིག་དུམ།

སྐབས་རེར་སྐྱོ་བའི་ན་བུན་འཐིབས་ཏེ་ཡོང་། །

དངན་པ་རིང་པོར་འབྱིན་པའི་དུས་ཀྱང་ཡོད། །

ལན་རེར་སྤྲོ་སེམས་འཕེལ་བའི་གཞས་ཆུང་བླངས། །

གདོང་གི་འཛུམ་ལ་མཛེས་སྡུག་འཁྱིལ་བ་ཡོད། །

འཚོ་བའི་ངོ་གདོང་འགྱུར་ལྡོག་ཧ་ཅང་མྱུར། །

ནང་སེམས་དགའ་སྡུག་དེ་ཡང་རྗེས་སུ་འབྲངས། །

རང་གཟུགས་ཆུ་ཟླར་འཆར་བའི་སྣང་བརྙན་ལ། །

ཡང་ཡང་བལྟས་ནས་མིག་ཆུ་གཙང་པོར་འདྲེས། །

ངལ་བ་འདི་དག་སེམས་ཀྱིས་གདེག་པར་དཀའ། །

ལས་ཀྱིས་སྐོས་ཐང་ཞིག་གིས་འགན་དུ་བླངས། །

རིང་ནས་གོམས་པའི་བག་ཆགས་མཐུག་པོ་དག །

འདི་ནས་བསྐྱུར་ཏེ་དབེན་པའི་ཚལ་ལ་མོས། །

འཆི་བ་དྲན་ཚེ་སྐྲག་པས་ལུས་ཀྱང་འདར། །

འཆི་ཆོས་མེད་པའི་ས་མཐའི་འཁྱམས་པོ་ང་། །

འཚོ་བ་ཐབས་ཆག་ཅིག་གི་ངོ་གདོང་ལ། །

ཡང་ཡང་བལྟས་ནས་ལྷག་པའི་ཚུལ་འདི་སྐྱོ། །

སྐྱོ་བའི་གཞས་ཆུང་ངག་ནས་ཤོར་མ་ཐག །

མིག་ཆུས་འཇིག་རྟེན་བསྐྲུན་པའི་སྣང་བརྙན་ངོམ། །

རྣལ་འབྱོར་མགུར་མའི་འགྱུར་ཁུགས་རེ་རེ་ཡིས། །

འཁོར་བའི་ཕྱི་ནང་སྟོན་པའི་གནས་ལུགས་མཐོང་། །

ངེས་འབྱུང་རེ་འགའ་སྨུག་སྤྲིན་འཐིབ་པ་འདྲ། །

སྐྱེ་ཤེས་ལ་ལ་འཇའ་ཚོན་འཆར་བ་བཞིན། །

ངེས་བརྟན་མེད་པའི་སྐྱོ་ཤེས་རེ་རེ་ཡིས། །

སེམས་ནས་རྡོལ་བའི་དབྱངས་རྟ་ལེན་དུ་བཅུག །

མི་ཡི་གཤིས་ལུགས་འདི་ཚོ་ཁྱད་མཚར་བས། །

འདུ་འཛི་འཁོར་བའི་གྲོང་ལ་སུན་སྣང་ཞིག །

ཞི་བ་ཐར་བའི་གནས་ལ་སྨོན་འདོད་པས། །

དབེན་པར་འགྲིམ་པའི་བློ་ཞིག་ངང་གིས་འཁོར། །

རང་སྣང་བཅོས་མིན་བློ་ཡི་མེ་ལོང་ངོར། །

ཞི་བའི་ལྷ་ཚོགས་བྲིས་ནས་རྒྱང་རིང་དུ། །

ངེས་མེད་ས་མཐར་འཁྱམ་པའི་འདུན་པ་ཡིས། །

ངེས་འབྱུང་ཐོལ་གླུ་སྙན་མོ་དུམ་གཅིག་ལེན། །

༼ རྫ་ཤུལ་བློ་བཟང་། ༽