国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདབ་པའི་ལུགས་ཀྱི་རྟ་བཤད།

འདབ་པ་རྫོང་གསལ་ལ་ཡུལ་ཚོའི་རྒན་རབས་པ་མཁྱེན་རབ་དབང་འདུས་ཀྱིས་ངག་རྒྱུན་དུ་གྲགས་པ་བཤད་པ་རྣམས་ཐུབ་བསྟན་འོད་ཟེར་གྱིས་ཡིག་ཐོག་ཏུ་བཀོད་པའོ།།

རྟ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱུ་འགྲུལ་བཀོལ་སྤྱོད་ལེགས་པའི་སྒོ་ཕྱུགས་བཟང་པོ་ཞིག་ཡིན། ལྷག་པར་དུ་སོག་པོ་མི་རིགས་དང་བོད་མི་རིགས་རྣམས་ཀྱི་སེམས་ནང་དུ་ཆེས་རིན་ཐང་ལྡན་པའི་གྲོགས་ལྟ་བུ་རེད། གནའ་དུས་སུ་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཡན་ཆད་དུ་བོད་རིགས་སྐྱེས་པ་རྣམས་ཀྱིས་བག་མ་སྐྱེལ་བསུ་བྱེད་པ་དང་། ཕྱུགས་འཚོ་བ། ཇག་བྱེད་པ། དམག་འགྲོ་བ་སོགས་བྱ་བ་གང་ཞིག་བྱེད་དགོས་ཀྱང་རྟ་བཅིབས་ནས་འགྲོ་བ་རེད། དེ་ལྟར་ནང་བཞིན་ཁམས་འདབ་པའི་ས་ཆ་འདིར་གནའ་ནས་ད་བར་དུ་རྟའི་བཟང་ངན་དང་རྟའི་གཟུགས་གཞི་སྤུ་རིས་ལ་བརྟགས་ཏེ་རྟའི་ཁྱད་ཆོས་སམ་ཡོན་ཏན་བརྗོད་ནས་རྟའི་བཤད་པ་བྱེད་སྲོལ་ཡོད། དཔེར་ན་འདབ་པའི་རྒན་རབས་རྣམས་ཀྱི་ངག་རྒྱན་ལས། རྟ་མགོ་མ་བཤད་རྟ་མགོ་བཤད། རྟ་མགོ་རྨ་ཆེན་སྤོམ་ར་འདྲ། ཡས་མཆུ་གསེར་འབུམ་བཞེངས་ཟི་འདྲ། མས་མཆུ་དངུལ་འབུམ་བཞེངས་ཟི་འདྲ། དབུ་སོ་རྒྱལ་བ་རིགས་ལྔ་འདྲ། ལྕེ་ལེ་མར་དཀར་གདོང་ཡག་འདྲ། སྣ་བུག་རག་དུང་ཁ་ཤས་འདྲ། མིག་ལོག་ལ་ཁ་སྐར་བཞད་འདྲ། སྐྲ་ཕྱབ་གདོང་དར་འཐེན་ཟི་འདྲ། ཟེ་ཅོག་ལྷ་སྤྲིན་ཚོགས་ཟི་འདྲ། སྒང་ཐག་ཐུང་བ་ལུག་འདྲ་དགོས། སྤུ་ཐག་རིང་བ་སྤྱང་འདྲ་དགོས། སྤྱང་ལུག་འཛོམས་པའི་རྐྱང་དུ་དགའ། ལག་པ་དྲང་མོ་མདའ་རུ་དགའ། རྐང་པ་འགུགས་འགུགས་གཞུ་ནི་དགའ། མདའ་གཞུ་འཛོམས་པའི་རྐྱང་ཞིག་དགའ། སྐེ་རྩ་སྦོམ་པོ་གླང་འདྲ་དགའ། སྐེ་རྩ་ཕྲ་བ་བྱ་རུ་དགའ། བྱ་གླང་འཛོམས་པའི་རྐྱང་ཞིག་དགའ། རྣ་རྩེ་རྣོ་མོ་མདུང་འདྲ་དགའ། རྣ་རྩ་སྲབ་བ་དར་རུ་དགའ། དར་མདུང་འཛོམས་པའི་རྐྱང་ཞིག་དགའ། རྟ་མཇུག་རྦབ་ཆུ་འཕང་ཟི་འདྲ། རྨིག་གཞི་ལྕགས་རྫ་སྦག་ཟི་འདྲ། ཞེས་སོ།། །། ( ཐུབ་བསྟན་འོད་ཟེར་གྱིས་བྲིས།)