国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཛམ་གླིང་གི་འཁོར་མདའ་ཆ་འགྲིག་ཉི་མའི་རྒྱང་ཤེལ་ཆེ་ཤོས་ཀྱི་ལེ་ལག་སྒྲིག་ཆས་ལས་གཞི་སྐྲུན་འགོ་འཛུགས།

ལས་བཞིའི་དཔེ་མཚོན་རི་མོ།

སྤྱི་ཟླ6པའི་ཚེས24ཉིན། གནམ་དཔྱད་ལས་རིགས་ཀྱི“འཛམ་གླིང་གི་གནམ་དཔྱད་མཁའ་བསྐྱོད་མ་གྲུ་ཁྱུ་ཚོགས”ཞེས་འབོད་པའི་དཀར་མཛེས་ཁུལ་འདབ་པ་རྫོང་དུ་ཉི་མའི་གསང་བ་ལ་དམིགས་པའི་ཚན་རིག་གི་དཔྱད་ཆས་གལ་ཆེན་སྟེ།“ སྨི2.5ཡི་མཐོང་རྒྱ་ཆེ་ཞིང་ཤན་འབྱེད་ཚད་མཐོ་བའི་ཉི་མའི་རྒྱང་ཤེལ”གྱི་འགག་རྩའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དེ་མཚོ་འཕགས་སྨི4700ཡོད་པའི་རི་ལ་དངོས་སུ་སྐྲུན་འགོ་འཛུགས་ཤིང་། སང་ལོར་འཛམ་གླིང་གི་འཁོར་མདའ་ཆ་འགྲིག་ཉི་མའི་རྒྱང་ཤེལ་ཆེ་ཤོས་འཇོག་རྒྱུར་རྨང་གཞི་བཏིང་པ་རེད།

མིང་ལ“སྨི2.5ཡི་མཐོང་རྒྱ་ཆེ་ཞིང་ཤན་འབྱེད་ཚད་མཐོ་བའི་ཉི་མའི་རྒྱང་ཤེལ”དེ་ནི2021ལོར་སློབ་གསོ་པུའུ་ཡིས་འོས་སྦྱོར་བྱས་པ་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་ཀྱི་ཚན་ཞིབ་དཔྱད་ཆས་གལ་ཆེན་ཞིབ་བཟོ་བྱེད་པའི་ལས་གཞི་ཞིག་ཡིན་པ་དང་། ནན་ཅིང་སློབ་ཆེན་བརྟེན་ས་སྡེ་ཚན་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་ནན་ཅིང་གནམ་རིག་འོད་རིག་ལག་རྩལ་ཞིབ་འཇུག་ཁང་དང་། ཡུན་ནན་གནམ་དཔྱད་ལས་ཁུངས་སོགས་སྡེ་ཚན་ཁག་དང་མཉམ་དུ་ཞིབ་འཇུག་དང་གསར་བཟོ་བྱས་པ་རེད། ལེ་ལག་སྒྲིག་ཆས་ལས་གཞི་དེར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་དང་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ན་ནིང་ཟླ་བ7པར་ལས་གཞི་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྙོག་འཛིང་ཆེ་ཞིང་རྩེར་སོན་གྱི་ཉི་མའི་རྒྱང་ཤེལ་ཆེ་གྲས་དེ2026ལོར་འཛུགས་སྐྲུན་ལེགས་གྲུབ་བྱ་རྒྱུའི་འཆར་གཞི་ཡིན་པ་དང་། སྐབས་དེར་དེའི་མཐོང་རྒྱ་ཆེ་བ་དང་ཤན་འབྱེད་ཚད་མཐོ་བའི་ཉི་མའི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་ཆེན་པོ་ལྡན་པར་མ་ཟད། མཚན་མོའི་གནམ་རིག་ཞིབ་འཇུག་ཀྱང་བྱེད་ཐུབ། དེའི་ལས་འགན་གཙོ་བོ་ནི་ཉི་མའི་འགས་འགྱུར་རྐྱེན་རྩ་ལ་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། གནོད་འཚེ་རང་བཞིན་གྱི་བར་སྟོང་གནམ་གཤིས་སྔོན་བརྡ་བྱེད་པར་འགག་རྩའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་བར་སྟོང་ཉེན་མེད་ནུས་པ་དང་གནམ་རིག་ལྟ་ཞིབ་ཞིབ་འཇུག་གི་རྒྱལ་སྤྱིའི་གནས་བབ་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)