国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྒྱད་ཟིལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོ་སྤེལ་ཡུལ།

ཉེ་ཆར། བརྒྱད་ཟིལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རྣམ་མང་སྤེལ། བྱེད་སྒོའི་ཁྲོད་རྩྭ་ཐང་སྲུང་སྐྱོང་དྲིལ་བསྒྲགས་གློག་བརྙན་བཏང་བ་དང་། དྲིལ་བསྒྲགས་ལག་དེབ་བཀྲམ་པ། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བློ་འདྲི་ཞབས་ཞུའི་ས་ཚུགས་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཐང་ཆེན་དང་། དཀར་ཆུས་གྲོང་རྡལ་གྱི་ཡུལ་མི་བཀོད་སྒྲིག་ས་ཚུགས།ཐང་མགོ་གྲོང་རྡལ་བཅས་ས་ཚུགས་གསུམ་བཙུགས་ནས་ས་གནས་དེ་གའི་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》《རྩྭ་ཐང་མེ་འགོག་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱས་པར་མ་ཟད། རྩྭ་ཐང་གི་ཁྱད་ཆོས་དང་རྣམ་པ། བྱེད་ནུས། རྩྭ་ཐང་ཇི་ལྟར་སྲུང་སྐྱོང་བྱེད་པ་སོགས་གཞི་རྩའི་ཤེས་བྱ་ངོ་སྤྲོད་ཀྱང་བྱས་པ་རེད།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ད་དུང་དེ་གའི་འབྲོག་ཁུལ་དུ་ཟབ་སྤེལ་བྱས་ཤིང་།ལས་དོན་མི་སྣས་རི་ནང་ཁུག་འབྲོག་སྡེར་བསྐྱོད་ནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཁ་གསལ་གོ་བདེའི་སྐད་ཆའི་ཐོག་ནས་བརྒྱད་ཟིལ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་ཀྱི་བྱེད་ཐབས་ངོ་སྤྲོད་བྱས་པ་དང་། ཚང་མས་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུའི་རེ་སྐུལ་བྱས་པ་རེད། བསྡོམས་རྩིས་བྱས་པར་ལྟར་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱ་ཡུལ་མི2000ལྷག་ལ་ཟིན་པ་དང་། ཁྱོན་བསྡོམས་དྲིལ་བསྒྲགས་དངོས་ཟོག10000ལྷག་བཀྲམ་པ། མང་ཚོགས་ཀྱིས་ནགས་ཚལ་དང་རྩྭ་ས་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གྱི་བློ་འདྲི་བྱེད་པའི་གནད་དོན30ལྷག་ཐག་གཅོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བརྒྱད་ཟིལ་རྫོང་གིས་ཕྱོགས་མང་མཉམ་སྒྲུབ་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཧུར་ཐག་བྱས་པ་དང་། རྩྭ་ཐང་སྔོ་ཁེབས་སླར་གསོ་ལས་དོན་ཁྱོན་ཡོངས་ནས་སྤེལ་བ། ནགས་ཚལ་དང་རྩྭ་ཐང་བཅོས་སྐྱོང་གི་ལས་གཞི་ལག་ལེན་བསྟར་བ་རེད། དེ་དང་ཆབས་ཅིག་ཏུ་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་། མི་བཟོས་རྩྭ་འདེབས། རི་བཀག་ནགས་སྐྱོང་། གསོ་སྐྱོང་དོ་དམ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉམས་ཞན་རྩྭ་ཐང་མུའུ་ཁྲི6.385བཅོས་སྐྱོང་བྱས་པ་དང་། རྩྭ་ཐང་གི་ལྕགས་ར་སྨི་ཁྲི8.75འཛུགས་སྐྲུན་ལེགས་གྲུབ་བྱུང་བ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བརྒྱ་ཆ86.29རྒྱུན་འཁྱོངས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ་དང་།རྩྭ་ཐང་གི་སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)