འཇའ་ཚོན་དེ་ཅི་འདྲ་རྨད་ཀྱང་།
འཇའ་ཚོན་ནི་ཡལ་བའི་གཤིས་སུ་གྲུབ་འདུག།
ངས་ཚོད་ཚོད་ལ་མགོ་བོ་ཡར་ལ་དགྱེས་ཏེ།
གནམ་སའི་ཁྱོན་ཡངས་སུ་ལྷོད་ཀྱིས་ལྟ་ཚེ།
གནམ་སའི་འདྲེས་མཚམས་སུ་སྤྲིན་དཀར་གྱི་འདུ་
ལོང་མེ་རི་འཕྱུར་འཕྱུར་དང་།
སྨུག་ལང་ལོང་གི་ཡོལ་བ་གང་སར་འཐེན་འདུག་པས།
ངའི་བློ་ངོར་མི་རྟག་པའི་སྐྱོ་སྣང་རེ་འཕྱུར་འོངས།
དེ་དུས་དབྱར་དུས་ཤིག་རེད།
མི་ཚེ་འདིར་བདེ་སྐྱིད་ལྡན་ཡང་།
མི་ཚེ་ནི་ཡུན་ཐུང་གི་གཤིས་སུ་གྲུབ་འདུག།
ངས་མཚམས་མཚམས་སུ་ལག་པ་བྲང་ཁར་བཞག་སྟེ།
རྩིས་འདང་ཆེ་བའི་གྲོགས་པོ་ག་ཚོད་ཅིག་ཡོད་པར་བགྲང་ཚེ།
སེམས་ངོགས་སུ་སྨྲེང་སྐྱོས་རྡུལ་རླུང་དྲག་པོ་རེ་འཚུབ་པ་དང་།
བཞུད་ཟིན་པའི་ནེའུ་ཟླ་སྐོར་ཞིག་གི་ངོ་གདོང་
གསལ་གྱི་ལེར་ཤར་འོངས་པས།
ངའི་སྣང་ངོར་མི་རྟག་པའི་ཁ་བ་བབས་བྱུང་།
དེ་དུས་དགུན་ཁ་ཞིག་རེད།
མེ་ཏོག་ནི་དར་རྒུད་ཀྱི་གཤིས་སུ་གྲུབ་འདུག།
ངས་གློ་བུར་དུ་ཡིད་འོང་གི་མེ་ཏོག་ཅིག་ལག་ཏུ་བསྣམས་ཏེ།
སེམས་སོང་གི་མི་ཞིག་ལ་ལེགས་སྐྱེས་འབུལ་སྙམ་དུས།
རྟོག་འཆར་གྱི་ཡོལ་གོར་ལྗིད་ཏིག་ཏིག་གི་ཞེན་ཆགས་
ཀྱིས་གཙེས་པ་དང་།
ལས་སྐལ་ཟད་པའི་སྙིང་སྡུག་ཅིག་གི་སྣང་བརྙན་ཤར་འོངས་པས།
ངའི་ཡིད་དུ་མི་རྟག་པའི་མྱུ་གུ་འབུས་འགོ་བརྩམས་བྱུང་།
དེ་དུས་དཔྱིད་དུས་ཤིག་རེད།
འཚོ་བ་འདི་ཅི་འདྲ་སྐྱིད་ཀྱང་།
འཚོ་བ་ནི་དགའ་སྐྱོ་ཆགས་སྡང་གི་གཤིས་སུ་གྲུབ་འདུག།
ངས་ནམ་ཞར་འཚོ་བར་བསམ་གཞིག་རེ་བཏང་སྟེ།
འགྱུར་བག་རྒོད་པའི་འཚོ་བའི་ཟང་ཟིང་ལ་ཨ་ཐང་ཆད་དུས།
སེམས་གཏིང་ནས་སྐྱོ་སྡུག་གི་དངན་པ་ཡང་ཡང་འཐེན་དགོས་ཤིང་།
ལག་བསྟར་བཏབ་ཟིན་པའི་བྱ་བར་ཕྱིར་མིག་ཅིག་འཕངས་ན།
ངའི་དྲན་གདུང་གི་གསེབ་ཏུ་མི་རྟག་པའི་ལོ་མ་སེར་པོ་ཟགས།
དེ་དུས་སྟོན་ཁ་ཞིག་རེད།