རླུང་བུ་གཡུགས་ཐེངས་གཅིག་གིས།
ངའི་སེམས་ཀྱི་ཟབ་སར།
ཁྱུར་མིད་དུ་བཏང་ཟིན་པའི་བྱ་གཞག་ཅིག།
ཡང་བསྐྱར། དྲན་འཛིན་གྱི་སྣེ་ལ་བཏེགས་སོང་།
འདྲེན་བྱེད་ཀྱི་སྣང་ངོར་ཤར་བྱུང་།
རླུང་བུ་གཡུགས་ཐེངས་གཅིག་གིས།
རྨ་འགྲམ་གྱི་བྱ་བྱེའུ་ཚོགས་ཀྱང་བྲེལ་སྟབས་ཀྱིས།
དྲོད་ཁོལ་གྱི་གནས་མལ་ཞིག་ཏུ་འཚང་
ཁ་རྒྱག་གིན་འདུག།
ད་དུང་། རྡུལ་དམར་གྱིས།
གནམ་སའི་མཐོང་ལམ་ཡུག་གཅིག་ཏུ་
འདྲེས་སུ་བཅུག་པས།
ངས་མགོ་བོ་རུམ་ལ་བཏང་ནས།
གནམ་གཤིས་འཇམ་པོ་ཞིག་ལ་ངང་སྒུག་བྱས།
རླུང་བུ་གཡུགས་ཐེངས་གཅིག་གིས།
ངའི་ཚོར་འདུའི་གསེབ་ཏུ་རླུང་བུ་ཞིག།
ག་ལེར་ལྡང་སྟེ་བྲང་གཞུང་གི་ངོས་སུ།
བཟོད་དཀའི་ན་ཟུག་ཅིག་ཀུན་ནས་བསླངས་བྱུང་།
རླུང་བུ་གཡུགས་ཐེངས་གཅིག་གིས།
ང་རང་ཡང་། རླུང་བུ་ཞིག་ཏུ་བརྫུས་ཏེ།
འཇིག་རྟེན་གྱི་གང་སར་སྦས་པའི།
ཞེན་ཆགས་ཀྱི་ལས་འཕྲོ་མ་ལུས་པར་རྒུམ་འདོད།
རླུང་བུ་ཡ། དགུན་དུས་ཀྱི་རླུང་བུ།
ཕུང་པོའི་ཕྱི་ནང་གང་སར་འཁྱག་
སིབ་བེར་གཡུགས་བྱུང་།