国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དོ་ནུབ།

དོ་ནུབ། ཅི་འདྲའི་འཁྱག་ཨང་།

ཟླ་འོད་ཆེམ་ཆེམ་དུ་འཕྲོས་པས།

མུན་པ་ཟོས་ཏེ་དཀར་འོད་བསུས་ཀྱང་།

ལྷགས་རླུང་ཤུར་ཤུར་དུ་ལྡང་ཞིང་།

སྐར་ཚོགས་ཀྱིས་གྲང་འདར་རྒྱག།

དོ་ནུབ། ཅི་འདྲའི་སྐྱོ་ཨང་།

ཁེར་རྐྱང་གི་ལྷིང་འཇགས་ཁྲོད་དུ།

ཕྱིར་དྲན་གྱི་ཀློང་དུ་ཡུད་ཙམ་ཉུལ་བས།

ངའི་མིག་མཐར་མཆི་མ་འཁྱིལ་ཞིང་།

ངའི་ཡིད་དུ་སྨྲེང་བ་འཁོར་འདུག།

དོ་ནུབ། ཅི་འདྲའི་སྐྲག་ཨང་།

དབུགས་ལྷེམ་ཙམ་ལྷེམ་ཙམ་བྱེད་པ་དེ་ཡང་།

འཆི་བར་ཇེ་ཉེར་འགྲོ་བའི་སྔ་ལྟས་

ཤིག་ཡིན་པ་ཚོར་བས།

ངས་འཇིག་རྟེན་འདིའི་ཡོད་ཚད་

ལོངས་སྤྱོད་བྱེད་འདོད་སྐྱེས།

ངས་འཇིག་རྟེན་འདིའི་ཡོད་ཚད་བློས་

གཏོང་བྱེད་འདོད་སྐྱེས།

དོ་ནུབ། ངས་སྔར་མ་རྟོགས་པའི་

གསང་བ་ཞིག།

མཚན་ལྗོངས་འདིས་ང་ལ་ཁ་རོག་གེར་

བཤད་སོང་།