国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁ་བ་ལྷབ་ལྷུབ་ ཏུ་བབས།

ཉི་འོད་འཇམ་པོ་དེའི་ཁྲོད།

ཁ་བའི་འདབ་མ་མེ་ཏོག་གི་ཚུལ་གྱིས་

ལྷབ་ལྷུབ་ཏུ་བབས།

དཀྱེལ་ཡངས་པའི་རྩྭ་ཐང་དུ་བབས།

ངའི་ལག་མཐིལ་དུ་བབས།

ང་ཡི་ནང་སེམས་ལ་བབས་པས།

ངས་ཀྱང་ཁ་བར་ནང་སེམས་གླན།

བདུད་རྩི་བཞིན་རོལ་མྱོང་ཐེངས་གཅིག་བྱས།

བར་སྐབས་ཤིག་ལ། ང་ཡང་ཁ་བའི་ངོ་བོར་འཐིམས།

ཚོར་སྣང་ཞིག་ལ། འབབ་བཞིན་པའི་ཁ་བའི་

འདབ་མ་རེ་རེ་ནི།

བྱིན་རླབས་ཀྱི་ཚན་ཁ་འབར་བའི་བཀའ་

བསྟན་རེ་རེ་དང་།

གངས་ལ་འཁྲུངས་པའི་རླབས་ཆེན་གྱི་སྐྱེས་

ཆེན་དག་གི།

བསྟན་བཅོས་དང་། རྣམ་ཐར། གླེགས་བམ་རེ་རེ།

ཁ་བའི་ཚུལ་གྱིས་ང་ཡི་ནང་སེམས་ལ་

རིང་བསྲེལ་དུ་བབས།

དཔང་སྐོང་ཕྱག་རྒྱ་དང་གསེར་གྱི་མཆོད་རྟེན་སོགས།

མཁའ་ལས་བབས་པ་ཇི་བཞིན་དུ།

ཀ་མད་སུམ་ཅུའི་ཡིག་འབྲུ་རེ་རེ་དང་།

དབྱངས་གསལ་གྱི་ཚོར་བས་བྲིས་པའི་སྙན་ངག་རེ་རེ།

ད་དུང་། མི་ཆོས་གཙང་མ་བཅུ་དྲུག་དང་།

ཆོས་སྐལ་མ་ཎི་ཡིག་དྲུག་རེ་རེ།

འོད་ལམ་ལམ་གྱི་མུ་ཏིག་གི་ཚུལ་གྱིས་དཀར་

ཆེམ་མེར་བབས་པས……

ང་ཡི་སྣང་ངོར། དགོས་འདོད་ཀུན་འབྱུང་

གི་དངོས་གྲུབ་རེ་རེ་ཡིན་སྣང་འཆར།

ཐ་མར། ང་ཡི་ནང་སེམས་ལ་བཅོས་

མ་མ་ཡིན་པའི།

དཔའ་གདེང་ཞིག་དང་། ཡིད་ཆེས་ཤིག།

དགའ་བྲོད་ཅིག།

ལྷན་ཅིག་ཏུ་བསྩལ་སོང་བས།

ང་རང་ཁྱད་འཕགས་ཀྱི་ཁ་བའི་

ཞིང་ཁམས་དེ་ན།

དགའ་ལྷང་ལྷང་གི་ཚོར་བས་རབ་ཏུ་

མྱོས་འདུག་ཨང་།