国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷ་མོ་དབྱངས་ཅན་མར་ཕུལ་ བའི་མཆོད་དབྱངས།

རབ་མཛེས་ཆུ་སྐྱེས་ཉི་ཟླའི་ཚལ་ན་འགྲོ་ཀུན་བརྩེ་བས་སྦྲུམ་མཁན་མ། །

རབ་སྙན་སྲིད་གསུམ་དང་བ་འདྲེན་པའི་རྣམ་རྒྱལ་ངག་ལ་དབང་འབྱོར་མ། །

རྨད་བྱུང་གང་དེའི་ལྷག་བསམ་གངས་རིའི་གཟི་འོད་ཕྱོགས་བཅུར་འཕྲོས་པའི་མཐུས། །

ལུས་ཅན་མ་ལུས་རྗེས་སུ་འཛིན་པའི་དབྱངས་ཅན་ལྷ་མོར་གུས་པས་འདུད། །

རྣམ་མཛེས་ལེགས་བྱས་སྐུ་ཡི་གཟུགས་བྱད་མཚན་དཔེའི་གཟི་བྱིན་ཉེར་མཛེས་ཤིང་། །

ཡིད་འོང་ལན་བུ་ཕྲག་པར་དཔྱངས་ཤིང་མཉེན་འཇམ་ཕྱག་གིས་རྒྱུད་མངས་སྦྲེང་། །

རིན་ཆེན་ལྟོ་བར་ལྟེམས་མེར་འཁྱིལ་བའི་འོ་མའི་ཆུ་བོའི་དྲི་བསུང་འཐུལ། །

བློ་ལྡན་ཡིད་ཀྱི་བརྟན་པ་འཕྲོག་བྱེད་མཚོ་བྱུང་ལྷ་མོའི་སྐུ་འདི་རྨད། །

རབ་སྙན་གསུང་དབྱངས་དྲི་ཟའི་འགྱུར་ཁུག་རྣ་བར་འཇེབས་ཤིང་ཡིད་དུ་སིམ། །

དར་ཅིག་ཉན་ཚེ་སྐྱེ་དགུའི་ཚོགས་རྣམས་སྙན་པའི་དཔལ་གྱིས་རབ་བཟི་ཞིང་། །

རིག་པའི་ངག་ལ་མེ་ཏོག་ལྡེམ་ཞིང་ལྷ་མི་ཀུན་གྱི་གཙུག་གི་རྒྱན། །

ཀུན་མཁྱེན་རིས་མེད་ངག་གི་འདོད་འཇོའི་རེ་བ་སྐོང་མཛད་དབྱངས་ཅན་ཀྱེ། །

ཟབ་ཡངས་སྒྲིབ་བྲལ་ཐུགས་བསྐྱེད་ཉིན་བྱེད་ཕན་བདེའི་ལྷག་བསམ་རླུང་གིས་གཡོ། །

སྙིང་རྗེ་པད་དཀར་ཡལ་འདབ་རབ་ལྡེམ་བྱམས་བརྩེའི་མེ་ཏོག་གང་སར་འཛུམ། །

ལྷད་མེད་རབ་དཀར་ཐུགས་རྗེའི་ལྕགས་ཀྱུས་སྲིད་ཞིའི་མཐའ་ན་གདུང་བ་ཡི། །

སྐྱེ་དགུའི་རྨོངས་པ་དྲུངས་ནས་དབྱུང་བར་ཚངས་སྲས་ལྷ་མོས་དགེ་ལེགས་སྩོལ། །

ཟླ་མེད་མཁྱེན་ཡངས་ཕུན་ཚོགས་དཔལ་གྱིས་རབ་ཏུ་ཕྱུག་པའི་མཚོ་བྱུང་མའི། །

མཚན་ཙམ་གླེང་ཚེ་དཔག་མེད་དགའ་བདེའི་ཚོར་བས་རབ་ཏུ་མྱོས་གྱུར་ཏེ། །

སྙན་པའི་བ་དན་སྲིད་ན་གཡོ་བའི་སྙིང་རྗེའི་ག་བུར་ཆུས་བརླན་པས། །

རི་རབ་གླིང་བཞིའི་ལྷ་མིའི་ལོངས་སྤྱོད་བློ་ཡིས་བླངས་ཏེ་ཁྱེད་ལ་མཆོད། །

ཚེ་ཡི་འཕེན་པ་མ་རྫོགས་བར་དུ་སྒོ་གསུམ་ཀུན་ནས་ཁྱེད་ལ་འདུད། །

ཉེ་རིང་ཕྱོགས་ལྷུང་གདོན་ནས་དག་ཅིང་ལེགས་བཤད་ཆོས་ཆར་རྟག་ཏུ་འབེབས། །

ངག་རིག་ལྷ་མོ་དཔག་བསམ་ལྗོན་པས་བསམ་དོན་ལྷུན་གྱིས་འགྲུབ་པར་བྱེད། །

ཕུན་ཚོགས་དཔལ་དགེས་ཀུན་ནས་ཕྱུག་པའི་ཟླ་བའི་ལྷ་མོ་ཁྱེད་ཀྱིས་ནི། །

ཚེ་རབས་གཏན་དུ་རྗེས་སུ་གཟུང་སྟེ་འགྲོ་ཀུན་རེ་འདོད་འཇོ་བར་མཛོད། །