སྤྱི་ཟླ6པའི་ཚེས25ནས26ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རོང་བྲག་རྫོང་དུ་གཞི་རིམ་ཏང་རྩ་འཛུགས་དང་ཏང་མི་རྒན་པ། འཚོ་བར་དཀའ་ངལ་ཡོད་པའི་ཏང་མི་བཅས་ལ་འཚམས་འདྲི་གནང་བར་ཕེབས་ཤིང་། ཁུལ་ཨུའི་ཚབ་གནང་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་རྣམས་ལ་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པར་མ་ཟད།རོང་བྲག་རྫོང་གི་ཏང་སྲིད་ལས་ཁུངས་དང་ཡུལ་ཤོག(གྲོང་རྡལ)གྲོང་སྡེ(སྤྱི་ཁུལ)བཅས་ཀྱི་འཐུས་མིར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་སློབ་ཚན་ཁྲིད་པ་རེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ཚོས་དུས་རབས་གསར་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་ཁོང་དུ་ཆུད་པ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་ཧུར་ཐག་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་ལ་བསྐུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།
ཧྲེན་དབྱང་སྔོན་རྗེས་སུ་བྲག་སྒོ་གྲོང་རྡལ་ནུབ་ཆུ་ཟམ་པ་སྤྱི་ཁུལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་མི་ཀྲང་ཞིའུ་དབྱིན་དང་བྲག་སྒོ་གྲོང་རྡལ་ཆུ་གསུམ་ཁ་སྤྱི་ཁུལ་གྱི་ཏང་མི་རྒན་པ་དབྱང་གོ་ཆོན་གཉིས་ཀྱི་ཁྱིམ་དུ་ཕེབས་ནས་ཁོ་ཚོའི་བདེ་ཐང་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་གནང་བ་དང་། ཏང་ནང་ཞུགས་ནས་ལོ50སོང་བའི་བློ་མཐུན་དབྱང་གོ་ཆོན་ལ“གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ནས་ལོ50ལོན་པ”ཡི་དྲན་གསོའི་རྟགས་མ་སྤྲད་དེ་ཁོ་ཚོས་ཏང་གི་བྱ་གཞག་ལ་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྒྱ་ཆེ་བའི་ཏང་མི་རྒན་རྒོན་རྣམས་ཀྱིས་མུ་མཐུད་དེ་ནུས་པ་འདོན་པ་དང་།རང་གཤིས་ངོ་མ་ནམ་ཡང་རྒྱུན་འཁྱོངས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་ལ་སྔར་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱ་དགོས་པ་དང་།བསམ་འཆར་རྩ་ཆེན་མང་ཙམ་བཏོན་པ་དང་།ཐབས་ཇུས་ཧུར་ཐག་ཕུལ་ནས་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་བསྐུལ་དགོས་ཞེས་རེ་བ་བཏོན་པ་རེད། ཁོང་གིས་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་མི་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་མི་རྒན་པའི་བདེ་ཐང་ལ་སེམས་ཁུར་བྱ་དགོས་པ་དང་། དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་ཤུགས་བརྒྱག་དགོས། ཞབས་ཞུའི་འགན་སྲུང་ཞིབ་ཕྲ་དང་ནན་ཏན་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དེ་ཏང་མི་ལས་བྱེད་པའི་སེམས་སུ་བསྟབ་དགོས་ཞེས་གསུངས་པ་རེད།
( པར་ངོས་གཉིས་པར་གཟིགས།)