国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྩོམ་གཤིས།

ངའི་རྩོམ་གྱི་རྩོམ་གཤིས་ཁྱོད་ལ་སྟོན།།

ཁྱོད་རྩོམ་གྱི་ཁྱད་ཆོས་ང་ཡིས་བཤད།།

ཚིག་ཚོགས་པ་ཙམ་ལ་རྩོམ་མི་ཟེར།།

དེ་ཟེར་ན་ཁྱོད་ཀྱང་རྩོམ་པ་པོ།།

གསལ་དག་ཆ་མེད་ན་རྩོམ་བཟང་མིན།།

སེམས་ཚོར་བས་མ་ཟིན་རྩོམ་འབྲིང་མིན།།

རང་ལྟ་ལུགས་བྲལ་ན་རྩོམ་རབ་མིན།།

དེ་ཡིན་ཡང་ཐོག་མའི་ལས་བྱ་བཞིན།།

རྩོམ་སློབ་སྦྱོང་བྱས་ན་དགའ་བསུ་ཡོད།།

ཚིག་སྙན་པ་ཙམ་གྱིས་སྙན་ངག་མིན།།

དོན་ཅི་དགར་བྱོ་ཙམ་ལྷུག་རྩོམ་མིན།།

གཏམ་འགོ་རྐང་བསྒྲིགས་ཙམ་སྒྲུང་གཏམ་མིན།།

དེ་ཡིན་ཡང་རྩོམ་ལ་དགའ་འོ་ཞེས།།

རྩོམ་སྣ་ཚོགས་བྲིས་ན་དགའ་བསུ་ཡོད།།

ཁྱོད་རྩོམ་གྱི་ཁྱད་ཆོས་དེ་ཙམ་ལ།།

ཁྱོད་ཟེར་བ་ཁྱོད་ཚོ་ཚང་མ་མིན།།

ཁྱོད་བཞིན་དུ་རྩོམ་ཡིག་བརྫོད་མཁན་མང་།།

གཏམ་འདི་ཚོ་མི་ངོ་ཚིག་ངོ་ཡིན།།

ངའི་རྩོམ་ལ་འགྲན་ཟླ་མེད་པ་མིན།།

ཆེས་མ་མཐར་རྩོམ་གཤིས་འབོར་མ་མྱོང་།།

ཚིག་ཚོགས་པ་སྤུངས་ནས་གང་མ་མྱོང་།།

ཚིག་དག་ཆ་ཡོད་ཕྱིར་སུམ་རྟགས་སྐྱོར།།

སེམས་ཚོར་བ་སྒུལ་དུས་དྲང་གཏམ་བྲིས།།

རང་ལངས་ཕྱོགས་ཞ་དང་ཞོར་ནས་གཡུགས།།

རྩོམ་དགའ་ཕྱོགས་ཙམ་ལ་བགྲང་མ་མྱོང་།།

ལུས་གྲིབ་མ་བཞིན་དུ་རྩོམ་དང་གཤིབ།།

ང་རྩོམ་གྱི་བུ་ལོ་རྩོམ་ལ་འཐམས།།

རང་ཡན་ན་མེད་ཅེས་འུར་བ་མིན།།

ངའི་རྩོམ་གྱི་རྩོམ་གཤིས་དེ་ཙམ་མོ།།

༼ གཟུངས་བྷ། ༽