国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོལ་བྱུང་སྣང་བ་གྲོལ་བའི་དགྱེས་གླུ་།

ནམ་མཁའ་གཞན་ཞིག་བྲིས་ཏེ།།

འདི་ཕྱིའི་ལམ་པ་བརྒལ་བྱུང་།།

སྐྱེ་བ་བརྗེས་པའི་ལས་འཕྲོ།།

རླུང་ཁར་གཡུག་གཡུག་བྱས་བྱུང་།།

ཆང་ལ་བཅོལ་བའི་ཚོར་འདུ།།

རྒྱང་རིང་སྟོང་གིས་བཏེགས་བྱུང་།།

རྣམ་རྟོག་སྒྱུ་མའི་གར་ལ།།

རྟོལ་བའི་ཐབས་ཤིག་མི་འདུག།

སྤྲིན་གྱི་གཟིངས་སུ་ཞུགས་ཚེ།།

རྣམ་ཤེས་གུ་ཡངས་གནང་འདོད།།

དཔྱོད་པའི་ཆར་ཟིམ་ཁྲོད་དུ།།

ཚོར་བྱུང་མེ་ཏོག་ཐོར་བྱུང་།།

ཆར་ཞོད་ཆེ་བའི་མཚན་མོར།།

ལྷང་ལྷང་རོལ་མོ་དཀྲོལ་ཀྱང་།།

ངག་ལ་དངོས་གྲུབ་དབེན་པས།།

སེམས་ལ་བདེ་སྣང་མ་རྙེད།།

གོམ་གསུམ་ལྷོད་ཀྱིས་སྤོས་པས།།

དཔྱིད་དཔལ་ཕོ་ཉ་འཕྲད་བྱུང་།།

རྣ་བ་བླག་ཐེངས་ཤིག་གིས།།

ཡིད་ཀྱི་རྒྱུད་སྐུད་འདར་བྱུང་།།

ཕ་གིའི་ཉ་གའི་མཐོ་སར།།

གཡུ་འབྲུག་སིང་སིང་གྲག་བྱུང་།།

མགོ་ཡི་ནམ་མཁའ་དག་ཀྱང་།།

འཛུམ་པའི་དཔལ་གྱིས་མྱོས་བྱུང་།།

ཚེ་མདུད་གོས་ཆེན་སེར་པོ།།

ཁ་དོག་ཡལ་བ་མ་གནང་།།

ཡིད་མཐུན་ཡིད་ཀྱི་འབུར་རིས།།

གོས་ཆེན་སྟེང་དུ་འཁྲུངས་ཡོད།།

བགྲེས་པོའི་འཁར་བ་མཐོང་བྱུང་།།

ཐོད་པའི་གཉེར་རིས་མཐོང་བྱུང་།།

བདག་མེད་སྣང་བ་ཕྲ་མོ།།

བདག་པོ་བྱེད་འདོད་སྐྱེས་བྱུང་།།

སེམས་དང་སེམས་པའི་མཐུད་སྣེར།།

མཐུན་པའི་དར་གྱིས་བསླེས་ན།།

ཞིམ་ལྡན་ཚིག་གི་བདུད་རྩི།།

གཞོན་པའི་སྙིང་ལ་འཛུལ་ཡོང་།།

ཡོད་ཡོད་འདྲ་བའི་དུངས་སེམས།།

བརྩེ་བའི་ཐིག་ལེ་ཁྲ་མོ།།

ལོ་གཞོན་སེམས་ཀྱི་འཁྲི་ཤིང་།།

འཇའ་ལྟར་ཡལ་བ་མ་གནང་།།

མཛའ་བ་གླུ་རུ་ལེན་མཁན།།

གླུ་མཁན་སེམས་ཀྱི་མཚེ་ཡ།།

དར་སྐུད་བྱེ་བ་བཏགས་པའི།།

སྣང་བའི་སྒོ་དར་ཁྲ་ཁྲ།།

གཡུ་ལོའི་ཚལ་དུ་རྒྱུ་བའི།།

སྨུག་པའི་ནང་གི་བསིལ་ཆུང་།།

གཞོན་ཆུང་ཚོར་བ་འགུག་རོགས།།

འཇོལ་མོའི་གྲེ་བ་གཡར་རོགས།།

དྭངས་གསལ་ཆུ་ཡི་དབུས་སུ།།

ང་ཡི་གཟུགས་བརྙན་ཤར་བྱུང་།།

ཟླ་བའི་ཞལ་རས་ཡག་ལེ།།

སྣང་བའི་དབྱིངས་ཀྱི་ཕོ་གཞོན།།

ལག་པའི་མཐིལ་དུ་གསལ་བའི།།

རི་མོ་གཡས་འཁྱིལ་གཡོན་འཁྱིལ།།

རི་མོའི་རྒྱབ་ཀྱི་གསང་གཏམ།།

ཁྱོད་ལ་མ་བཤད་ཆོག་གམ།།

གསང་དང་མ་གསང་མི་བཤད།།

གསང་བ་དུང་བའི་མདུད་ཞགས།།

རྨི་ལམ་ཟླ་བའི་དཀྱིལ་འཁོར།།

ལས་སྐལ་ཨ་ཡིག་རང་བྱོན།།

སྣང་བའི་ཁམས་སུ་འཁྲུངས་པའི།།

ཚོར་བ་རླུང་གི་འཁོར་ལོ།།

དཀར་ཡོལ་འབྲུག་མར་བཅོལ་བའི།།

མཆོད་ཆང་ནང་ལ་སིམ་ཡོད།།

དྲང་དྲང་སྤྲིན་ཕུང་རྟོལ་བའི།།

གསོམ་ཤིང་ཁེར་སྐྱེས་ཤིག་ལ།།

གདུང་བའི་ཉམས་ཤིག་བསྟན་ཏེ།།

མིག་ཆུའི་སྐད་ཆ་ལབ་འདོད།།

མིག་ཆུ་གླེང་དགོས་མི་འདུག།

དྲན་པ་ཉིན་ཞག་དཀར་ནག།

མི་ཚེའི་ལ་མོའི་རྒྱབ་ལ།།

སྨོན་འདུན་སྐུར་ཚོད་ནམ་ཡིན།།

རྩྭ་ལྗང་གོས་སུ་བྱས་པའི།།

ས་ཆེན་བདག་ཏུ་མེད་ཀྱང་།།

རྐང་པའི་རྗེས་ཤུལ་རེ་རེ།།

ལོ་ཟླའི་གཏིང་ལ་བྲིས་ཡོད།།

ཕྱི་ནས་ནང་དུ་འཕར་བའི།།

མི་ཁའི་ཤྭ་འོད་བཙན་པོ།།

ང་ཡི་འཇིག་རྟེན་འདི་ཡི།།

ལྷིང་འཇགས་དཀྲོག་པ་མ་གནང་།།

མདང་གི་རྨི་ལམ་ནང་དུ།།

དགུང་གི་སྐར་མ་རྨིས་བྱུང་།།

སྐར་ཕྲན་སུམ་བརྒྱ་དྲུག་ཅུར།།

ཞལ་མཇལ་གནང་བ་རྨིས་བྱུང་།།

བདག་གི་སྣང་བ་འགུལ་བྱུང་།།

སྣང་བའི་སྒོ་དར་འགུལ་བྱུང་།།

ཚིག་དང་ཚིག་གི་བྱ་ཁྱུ།།

ལས་ཀྱི་ནམ་མཁར་འཕུར་བྱུང་།།

འཁྲུལ་བའི་འཛུམ་ཆུང་བསྟན་ན།།

མཐུན་པའི་དགུ་ཚིགས་འཛུམ་ཡོང་།།

སེམས་ལ་བརྐོས་པའི་ཡིག་འབྲུར།།

རོ་བཅུད་གཞན་ཞིག་ཡོད་རེད།།

དགུན་གྱི་ཉི་མ་ནུབ་ཟིན།།

རྒྱུ་སྐར་ད་དུང་མ་ཤར།།

སེམས་ཀྱི་དུང་ཟླ་ལྷ་མོ།།

སྤྲིན་པའི་གཟུགས་སུ་མ་ཤར།།

རྫ་རིའི་སྟོད་དུ་དཔྱངས་པའི།།

གངས་ཀྱི་མུ་ཁྱུད་རིང་མོ།།

ནགས་ཀྱི་ཚལ་དུ་འཁྲུངས་པའི།།

གཡུ་ཡི་འཁྲི་ཤིང་ལྗང་གུ།།

ཁུ་བྱུག་གྲག་རྒྱུ་བྱུང་ན།།

སྣང་བའི་དབྱངས་རྟ་འཕེལ་ཡོང་།།

ལས་ཀྱི་དབྱར་དགུན་ཟེར་བ།།

ཚོར་བའི་ཚ་གྲང་ཙམ་རེད།།

ལང་ཚོའི་མེ་ཏོག་འདབ་མ།།

སུ་ཡི་མིག་ལ་ལྷུང་ངམ།།

ཡང་ན་ཡིད་ཀྱི་ཟིལ་བ།།

ཐོ་རེངས་ངོས་སུ་གསལ་ལམ།།

ཝེར་མའི་རི་ལ་གནས་པའི།།

ལྷ་ལ་གསོལ་བ་གདབ་ཆོག།

རྒྱུ་དང་སྨོན་ལམ་འགྲིག་ན།།

ནོར་བུ་སྙིང་ལ་འཁོར་ཡོང་།།

བྱ་རྒོད་ནམ་འཕང་བཅད་དེ།།

དམར་པོ་བྲག་ལ་བབས་བྱུང་།།

བྲག་དམར་སྐུ་ཁམས་བདེའམ།།

རྒོད་པོ་གནས་བཟོད་བདེའམ།།

ཏིང་འཛིན་དབྱིངས་སུ་མ་ཞུགས།།

འཁོར་བའི་གྲོང་དུ་སྐྱེས་བྱུང་།།

ལས་འཕྲོ་ཅན་གྱི་མི་རྣམས།།

ལྷན་དུ་འཛོམས་ན་དགའ་བ།།

ཚེར་མའི་ཚལ་དུ་ལྷུང་བའི།།

ལུག་བལ་སྤྲིན་གྱི་རི་མོ།།

འཁོར་བའི་ནགས་སུ་སྐྱེས་པའི།།

མོ་གཞོན་བྱུ་རུའི་སྡོང་པོ།།

ལས་སྨོན་རྒྱུད་མངས་གསན་བྱུང་།།

རོ་དང་བེམ་པོ་དཀྲོལ་བྱུང་།།

ཀུན་རྟོག་རླབས་རྒྱུན་རིང་མོ།།

རྒྱུད་མངས་རམ་འདེགས་འགྲིག་སོང་།།

འཕྲུལ་སྣང་པད་མའི་ཚལ་དུ།།

ཐིག་ལེའི་སྦྲང་ཆུང་འཁོར་བྱུང་།།

སྦྲང་ཆུང་འཁྲུལ་བ་མ་ཡིན།།

པདྨའི་དྲི་བསུང་ཞིམ་པ།།

སྣང་འགྲོས་འཕྲུལ་གྱི་རི་མོ།།

བློ་གསལ་གཞོན་ནུ་དོན་གྲུབ།།

གདུལ་བྱའི་ཞིང་མཆོག་འདི་རུ།།

ལུས་སེམས་ངལ་གསོ་བྱ་ཆོག།

བདག་ནི་དགུང་ལ་འཕུར་ཏེ།།

དགུང་གི་སྐར་མར་སྤྲུལ་འདོད།།

ཡང་ན་ས་གཞིར་སྦྲུམ་པའི།།

རྩི་ཤིང་ནགས་ཚལ་བྱ་འདོད།།

རྟུལ་ཕོད་མེད་ཅེས་མ་གསུང་།།

སྣང་བ་གནམ་གྱི་མཐའ་ཡིན།།

སྙིང་རྩའི་འཕར་ལུགས་རེ་ལ།།

འཕྲལ་གྱི་འདུན་མ་འཁོར་ཡོད།།

མི་ཡུལ་འདི་རུ་སྐྱེས་ཏེ།།

འཁོར་བ་འདིའི་ནང་རྒས་ན།།

ལས་ལ་རྟོད་ཐག་ཡོད་ཀྱང་།།

སེམས་པ་འགོག་ཐབས་མ་བྱུང་།།

སྐྱ་རེངས་བུ་མོའི་དགྱེས་འཛུམ།།

རེ་བའི་ཁམས་སུ་འཕྲོས་བྱུང་།།

གསོན་པའི་ལག་ཟུང་དྲོན་མོ།།

རེ་བའི་ཉི་ཟེར་འཛིན་རོགས།།

ཕྱོགས་བཞིར་དྲི་ངད་ལྡང་བྱུང་།།

དྲན་འཛིན་ཡངས་པོར་ཕྱེས་དང་།།

སྒེག་ལྡན་དུས་ཀྱི་ཉམས་འགྱུར།།

སྣང་བའི་དྲུང་དུ་འབྱོར་ཡོང་།།

གཙང་པོ་གསུམ་གྱི་མགོ་ཁུངས།།

དབྱངས་ཀྱི་འགྱུར་ཁུགས་ཡིན་ན།།

གངས་དཀར་ཤེལ་གྱི་མེ་ལོང་།།

ནང་དུ་རྒྱལ་ཁམས་ཤོང་ངོ་།།

༼ མགར་ཐང་དཀར། ༽