国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ནི་ཁྱོད་ཀྱི་སྙན་ངག་མྱོང་མཁན་ཡིན།

སྲོད་དུས་འདིར། ངེད་ཚང་གི་ཤར་ཕྱོགས་ཀྱི་རི་བོའི་རྩེ་ནས་ཤིན་ཏུ་དཀར་བའི་ཟླ་བ་ཞིག། རི་རྩེ་རུ་དལ་གྱིས་ཤར་བྱུང་། ངས་ཐག་རིང་ནས་མཇལ་བའི་སྐར་མ་གང་དེ་སྨིན་དྲུག་ཡིན་པ་འདྲ་སྟེ། ང་ཡིས་སྨིན་དྲུག་མཇལ་བྱུང་། ལྷོ་སྤྲིན་བྱང་དུ་བསྐྱོད་ཅིང་། ཕྱོགས་མེད་ནས་རྟ་པ་མང་པོ་ཞིག་གཅིག་དང་གཉིས་སུ་བྱས་ཏེ། ངེད་ཚང་གི་སྨད་ཕྱོགས་ཀྱི་ལམ་ནས་ཡར་ལ་ཕེབས། གཡས་ཕྱོགས་སུ་ཡོད་པའི་མཚོ་འགྲམ་དུ་ལུས་པའི་ངང་བ་གཉིས་ཀྱི་གཤོག་འགྱུར་ནམ་མཁའི་དབྱིངས་སུ་བརྒྱངས་སྟེ། རང་རང་གི་གནས་སུ་འཕུར། སྲོད་དུས་འདིར། དྲན་པའི་ཞེ་ལ་ཐོགས་པ་ནི་སྙན་ངག་པ་དང་། གངས་དཀར་རི་བོའི་རྩེ་མོ་རུ་འཕུར་བའི་གངས་བྱ་རྒོད་པོ། ཤར་ཕྱོགས་ཀྱི་རི་རྩེའི་ཟླ་བ་དང་སྐར་མའི་བཀྲག་མདངས་འཚེར་བ་རྒྱང་ནས་མིག་ལ་ཤར་དུས། རྒྱང་རིང་དུ་བྱོན་པའི་ཕུ་ནུ་དང་མིང་སྲིང་། ཐམས་ཅད་གྲངས་བཞིན་ཡིད་ལ་འཁོར་བར་དཀའ་མོད། ཤིན་ཏུ་འདྲིས་ཤིང་ཆ་ཡོད་དུ་གྱུར་པ། ལས་དབང་དང་སྟེས་དབང་གིས་ཤེས་པའི་འཇིག་རྟེན་པ་འདི་དག། ཁྱོད་ཀྱི་ཞེ་ལ་ཝ་ལེར་ཤར་དུས། ཚིག་དང་ཐ་སྙད་ལ་མི་ཤོང་བ་ག་ཚོད་འདུག་ཨང་། ད་ལྟ། ཟླ་བ་དགུ་པའི་ནང་ལ། རི་རྩེའི་ལྗང་མདོག་འགྱུར་ཞིང་། ཆ་ཡོད་ཀྱི་ངོ་ཤེས་དག། ཆ་མེད་དུ་གྱུར། ང་ནི་ཤིན་ཏུ་ཁེར་རྐྱང་དུ་གྱུར་ཏེ། སྐད་ཡིག་དང་བསམ་མནོ་མི་གཅིག་པའི་དཔེ་ཆ་རེ་འགའི་འཇིག་རྟེན་དུ་ཕྱིན། ངས་ཇི་ལྟར་བསམས་ཤིང་བསམ་ན། འཚོལ་དགོས་ཤིང་བཙལ་ཀྱང་མི་རྙེད་ནི། རང་གི་ཉེ་དྲུང་ནས་རང་ཉིད་དང་གྱེས་བརྡ་བཞག་པའི་ནང་གྲོགས་འདི་དག་རེད། ཡང་ན་ཤིན་ཏུ་ཞེ་ལ་ཐོགས་པའི་ཁྲུང་ཁྲུང་དཀར་མོ་གཤོག་འགྱུར་ལ་ལྟ་བའི་ཚངས་དབྱངས་རྒྱ་མཚོ་དང་། དར་མདོའི་མཛའ་གཞས་ཀྱི་དབྱངས་སུ་ཡོད་པའི་མཚོ་ཁའི་མེ་ཏོག་རེད། གཟན་སྣེ་རླུང་གིས་བསྐྱོད་པའི་ཉིན་ནས་བཟུང་། ང་ནི་འཇིག་རྟེན་མཐུན་འཇུག་གི་ནང་དུ་མེད་རུང་། ང་ཡི་ཚོར་བ་ལ་འཇིག་རྟེན་མཐུན་འཇུག་གི་དགའ་སྐྱོ་ཆགས་སྡང་ཅིའི་ཕྱིར་མེད་དམ། ཁྱོད་ཉིད་སྟོད་ཀྱི་གངས་རིའི་རྩེ་རུ་བཞུགས་པར་ཁས་ལེན་ཐོབ་པའི་ཉིན་ནས་ང་ཡི་དགའ་སྐྱོའི་མིག་ཆུ་དང་། དུས་གསུམ་ཡོད་ཚད་ཁྱོད་ཀྱི་ཕྱག་ལ་ཕུལ་ཡོད། ང་ཡིས་སྙན་ངག་འབྲི་བ་མི་ཤེས་མོད། ཁྱོད་ཉིད་མྱུར་དུ་ཕ་ཡུལ་དང་ངའི་སྤྱན་གྱི་མཐོང་ཡུལ་དང་ཤིན་ཏུ་ཉེ་ན་བསམས་མྱོང་།

དོ་ནུབ། སྤྲིན་པ་བྲལ་བའི་བར་སྣང་དུ་སྐར་མ་བརྒྱ་སྟོང་ཁྲི་འབུམ་ཞིག་ཁྲ་ལམ་ལམ་དུ་ཤར་དུས། ནང་སེམས་སུ། ཁྱོད་ཉིད་ང་དང་གྱེས་བྲལ་བྱུང་བའི་ཉིན་མོ་ཞིག་ཡོད་པ། ང་ཡིས་སྔར་ནས་ཤེས་མོད། གྱེས་བྲལ་དེ་འདི་ལྟར་ཤིན་ཏུ་མགྱོགས་པ་བསམ་པར་དཀའ་ཞིང་། མི་རྟག་པ་ལ་ངོ་ཤེས་སྔར་ནས་བྱས་ཀྱང་ཁྱོད་ཉིད་རྒྱང་རིང་དུ་བསྐྱོད་པ་བྲེལ་བྲེལ་རྟབ་རྟབ་བྱུང་བ་འདི་ཀོ། དང་ལེན་དང་ཁས་ལེན་མི་འདོད་པ་བྱུང་། ཡིན་ནའང་། ཁྱོད་ཉིད། ཁྱོད་ཉིད་ཀྱི་ལམ་དུ་ཆས་ཏེ། རྒྱང་རིང་དུ་བྱོན་པར་ཐོས་ཤིང་། ཁྱོད་ཉིད་བྱོན་པའི་གཞུག་ཏུ། ང་ཡིས་ཁྱོད་ལ་རྫོངས་བ་ཞིག་ལ་གནང་རྒྱུ་ནི། ཁྱོད་ཉིད་གང་དུ་བྱོན་རུང་། ང་ནི་ཁྱོད་ཀྱི་སྙན་ངག་མྱོང་མཁན་ཡིན།

༼ ཆོས་འབྱོར་རྒྱ་མཚོ། ༽