国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞོན་ནུ་གཉིས་ཀྱི་སྨྱུག་རྩེ་ནས་བབས་པའི་ཉག་རོང་བྲོ་ཚིག།

བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་ཐང་འབྲི་བཞིན་པ།

བྲིས་པ་གཡུང་དྲུང་པད་རྡོར་དང་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱིས་ཉག་རོང་བྲོ་ཚིག་བྲིས་ཐང་རིང་མོ་བྲིས་པའི་སྐོར།

གཅིག།

ཁམས་ནོར་འཛིན་མ་མའི་སྨད་རྒྱུད་ཀྱི་འབྲི་ཚ་ཟལ་མོ་སྒང་དང་མི་ཉག་ར་བ་སྒང་གི་བར་རྒྱུད་དུ་ཆགས་ཤིང་། མཁས་དབང་ཉན་ཤུལ་འཇམ་དབྱངས་གྲགས་པ་སོགས་མཁས་པ་མང་པོས་མི་ཉག་ར་བ་སྒང་གི་ཁོངས་སུ་གཏོགས་གསུངས་པའི་ཉག་ཨ་ཛི་རོང་ཞེས་མིང་དུ་གྲགས་པའི་ལུགས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་དར་བའི་ཡུལ་གྲུ་འདི་ནི། མི་ལོ་སྟོང་ཕྲག་མང་པོའི་གོང་རོལ་ནས་ཉག་ཆུ་དལ་འབབ་རིང་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། ནགས་རོང་ཞེས་པ་སྒྲ་ཟུར་ཆགས་ཏེ་ཉག་རོང་དུ་བརྗོད་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནགས་རོང་གི་མི་རྣམས་རྟ་པ་རྣ་བ་ལ་གསེར་དང་དངུལ་ཟངས་རག་སོགས་ཀྱི་ཨ་ལོང་ཆེན་པོ་འདོགས་པ་བྱུང་བས་རོང་རྟ་རྣ་ཅན་ཞེས་ཟེར་བ་དང་། ཉག་ཨ་ཛི་རོང་ཞེས་པའི་མིང་ཐོགས་དོན་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱལ་པོའི་བཀའ་ལྟར་ནགས་རོང་གི་དམག་རྒྱ་གར་དུ་སོང་ནས་གང་གཱའི་འགྲམ་དུ་རྒྱལ་ཁ་ཐོབ་པས། རྣམ་པར་རྒྱལ་བ་ཞེས་པ་སྟེ་རྒྱ་གར་གྱི་སྐད་དུ་ཨ་ཛི་ཞེས་པའི་མིང་དེ་ཉིད་དུས་སྐབས་དེ་ནས་ཐོགས་ཞེས་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ། ཡུལ་འདིའི་གནམ་གཤིས་དྲོ་གྲང་ཆ་སྙོམས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་ལ། རི་མཐོ་ཞིང་ལ་གཟར། གྲོང་རོང་མང་ལ་ས་རྒྱུད་དོགས། རོང་འབྲོག་ཉི་ཟླ་ཁ་སྤྲོད་ལས་འབྲོག་ཕྱུགས་རིགས་དཀར་ནག་གི་འཕེལ་ཁ་དར་ཞིང་། རོང་འབྲུ་རིགས་སྣ་ལྔའི་བང་མཛོད་གང་བའི་ཡུལ་གྲུ་ཁྱད་པར་བ་ཞིག་ཡིན་ལ། གནས་འདིའི་མི་རྣམས་ནི་ཕོ་མོ་མེད་པར་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ། ཁ་དན་ཚིག་ལ་གནས་པ། གྲོགས་ལ་འདང་ཆེ་བ། འདྲིས་ན་བསླུ་བ་མེད་ཅིང་། བློ་རིག་བཀྲ་ཤིང་དཔའ་ངར་ཆེ་བ་སོགས་རི་ཁ་བ་ཅན་གྱི་ལུགས་གཉིས་ཀྱི་བྱ་གཞག་ལ་བྱས་པ་ཆེ་བའི་མི་སྣ་མང་པོ་འཁྲུངས་མྱོང་བའི་ཡུལ་གྲུ་ཐུན་མོང་མ་ཡིན་པ་ཞིག་ཡིན་ནོ། །

གཉིས།

ཡུལ་གྲུ་འདི་ནི་དམངས་ཁྲོད་རིག་གནས་ཀྱི་རྫོང་མཐུག་ཅིང་། ཤེས་རིག་ལག་རྩལ་དར་རྒྱས་ཆེ་བའི་གནས་ཤིག་ཡིན་ལ། དེ་ལས་ཉག་བྲོ་ཞེས་གྲགས་པ་ཤིན་ཏུ་ཆེ་བའི་བྲོ་འདི་ནི་བོད་ཀྱི་སྐོར་བྲོ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཞབས་བྲོ་ཡི་རིགས་ཤིག་ཡིན། ཉག་བྲོ་འདི་ཡུལ་ཉག་རོང་དུ་དར་བའི་རྩ་བ་ཚུགས་ནས་དཀར་མཛེས་རྫོང་གི་ཡུལ་ཤོག་མང་པོ་དང་། དར་མདོ་གྲོང་ཁྱེར་གྱི་ར་ལི་སྨད་པ་སོགས་སུ་དར་ཡོད་པར་མ་ཟད། རྔ་བ་ཁྱུང་མཆུ་རྫོང་གི་རྨེ་བའི་བྲོ་ཆེན་ཞེས་པ་འདི་ཡང་ཉག་བྲོ་ཡིན་ལ། ཉག་བྲོ་འདིའི་ཁྱད་ཆོས་གཙོ་བོ་ནི་བྱ་རྒྱལ་རྒོད་པོའི་གཤོག་རྩལ་ཞེས་འཁྲབ་དུས་རྒོད་པོ་འཕུར་བའི་ཉམས་ལྟར་དལ་བའི་ཉམས་དང་ལྡན་ཞིང་། བྲོ་ཚིག་གི་ཁྱད་ཆོས་གཙོ་བོ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལ་བསྟོད་པ་གཙོ་བོར་བྱས་པའི་ནང་དོན་རྐྱང་རྐྱང་ཡིན་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བྲོ་གཞས་སྒྱུ་རྩལ་གྱི་བང་མཛོད་ཁྲོད་ནས་འོད་དུ་འཚེར་བའི་ཞབས་བྲོའི་རིགས་ཤིག་ཡིན། ཉག་བྲོ་ལ་ད་བར་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན་ཞིང་། 2005ལོར་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་ཉག་རོང་རྫོང་ལ་སྐོར་བྲོའི་ཕ་ས་ཞེས་པའི་མཚན་སྙན་སྤྲད་པ་དང་། 2006ལོར་ཉག་བྲོ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པ་དང་། དུས་དེ་ནས་བཟུང་ཉག་རོང་རྫོང་ལ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་སྤྲད་པ་རེད།

ཉག་རོང་ཡུལ་དུ་བོད་ཡིག་བྲིས་ཀྱི་བསྟན་པ་ཕུན་སུམ་ཚོགས་པོ་དར་མྱོང་བར་མ་ཟད། བྲིས་གཟུགས་ཀྱི་བརྩམས་ཆོས་ཕུན་སུམ་ཚོགས་པོ་ཡོད་པའི་ཡུལ་གྲུ་ཞིག་ཡིན། ལྷག་ཏུ་ཁྱུང་པོ་སྒུར་བྲིས་ཞེས་པ་དར་བའི་རྩེ་མོར་སོན་མྱོང་ལ། ཡིག་གཟུགས་འདིས་བྲིས་པའི་བན་བོན་གྱི་ཆོས་དཔེ་མང་པོ་ད་ལྟར་མིག་གིས་དངོས་སུ་མཇལ་དུ་ཡོད་ཅིང་། ཁྱད་པར་དུ་དབལ་ཁྱུང་དགོན་དུ་བོན་གྱི་བཀའ་བརྟེན་གཉིས་ཀྱི་པོ་ཏི་བརྒྱ་དང་བདུན་ཅུ་དོན་བརྒྱད་ཡོད་པ་དེ་དག་ཚང་མ་དུས་འགྱུར་སོགས་གང་གི་སྐབས་སུའང་ཉམས་ཆག་ཏུ་མ་སོང་བར་ད་ལྟར་ཕྱི་རབས་པའི་དད་པའི་མིག་གིས་དངོས་སུ་མཇལ་དུ་ཡོད་པ་འདི་ཚོ་དང་། གཏེར་ཆེན་རང་རིགས་རྡོ་རྗེའི་གཏེར་ཆོས་ཆ་ཚང་དང་། ཉག་བླ་པད་མ་བདུད་འདུལ་གྱི་གཏེར་ཕྲེང་དཀར་ཆག་དང་བཅས་པ་པོ་ཏི་བཞི་བཅུ་ཞེ་གསུམ་ཡོད་པ་ཚང་མ་ས་བྲིས་ཀྱིས་བྲིས་ཡོད་ལ། ཉག་རོང་ལ་གནའ་ནས་བྲིས་ཀྱི་བསྟན་པ་རྒྱ་ཆེན་དར་ནས་ཡོད་ལ་འབའ་ཁུ་བླ་མས་པོ་ཏི་སྟོང་ཕྲག་ལྷག་བྲིས་པའི་ངག་རྒྱུན་དམངས་ཁྲོད་དུ་བཤད་རྒྱུ་ཡོད་རུང་། ཆོས་དཔེ་དེ་དག་དུས་འགྱུར་སོགས་སུ་བརླགས་ཤོར་ནས་ད་ལྟར་མིག་གིས་མཇལ་དུ་མེད་པར་གྱུར་པའོ།།

གསུམ།

དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་འདི་འདྲ་ཞིག་ནས་ས་གནས་ཁྱད་པར་ཅན་ཉག་རོང་ཡུལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་བྲིས་པ་གཉིས་ཀྱིས་ལོ་མང་རིང་དཀའ་སྤྱད་སྡུག་རུས་མང་དུ་མྱངས་ནས་འཛམ་གླིང་གི་ཟིན་ཐོར་འགོད་པའི་བྲིས་ཀྱི་ཞལ་ཐང་རིང་མོ་ཞིག་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཁྲ་ཆུང་མིག་གི་མཐོང་ལམ་དུ་བཤམས་པར་མ་ཟད། ཉག་རོང་ཡུལ་བྲིས་ཀྱི་བསྟན་པ་འདི་སླར་གསོ་

བྱུང་ནས་བླ་ན་མེད་པའི་བྱས་རྗེས་བཞག།གཞོན་སྐྱེས་བྲིས་པ་དེ་གཉིས་ལས་གཅིག་གི་མིང་ལ་གཡུང་དྲུང་པད་རྡོར་དང་གཅིག་ཤོས་ཀྱི་མིང་ལ་བཀྲ་ཤིས་དཔལ་འབྱོར་ཟེར་ཞིང་། གཉིས་ཀ་ཆུང་ནས་སློབ་གྲྭར་ཞུགས་ཤིང་བོད་ཡིག་འབྲི་ཀློག་ནས་འགོ་བརྩམས་ཏེ་སྦྱངས་པ་བྱས་ཤིང་། རིམ་གྱིས་སློབ་གྲྭ་སོ་སོ་ནས་སློབ་ཐོན་བྱུང་རྗེས། ད་ལྟར་དགེ་རྒན་དང་ཉེན་རྟོག་པའི་ལས་རྐང་དུ་ཞུགས་ཡོད་པ་ཡིན་ལ། ཁྱད་པར་དུ་བྲིས་ཀྱི་སྐོར་ལ་འབད་པ་བླ་ལྷག་ཏུ་བསྐྱེད་ནས་གྲུབ་འབྲས་མི་དམན་པ་བླངས་མྱོང་བའི་གཞོན་སྐྱེས་རེ་བ་ལྡན་པ་གཉིས་ཡིན།

ཁོ་གཉིས་ཀྱིས་མཉམ་འབྲེལ་ངང་སྤྱི་ལོ2020ལོ་ནས་ཉག་རོང་བྲོ་ཚིག་རྣ་བའི་བདུད་རྩི་ཞེས་པའི་བྲིས་ཐང་རིང་མོ་འདི་འབྲི་འགོ་བརྩམས་ཤིང་། བྲིས་ཐང་འདིའི་ནང་དོན་ནི་ཉག་རོང་བྲོ་ཚིག་ཡིན་ལ། དེ་ནི《ཉག་བྲོ་བྱ་རྒྱལ་རྒོད་པོའི་གཤོག་རྩལ》ཞེས་པའི་དཔེ་ཆའི་ནང་དུ་བྲོ་ཚིག་སྣ་ཁ་སུམ་བརྒྱ་ལྷག་བསྡུས་ཡོད་པ་དེ་གཞིར་བྱས། ཁོ་གཉིས་དངོས་སུ་སོང་ནས་དམངས་ཁྲོད་ཀྱི་བྲོ་པ་རྒན་པ་མང་པོ་དང་། ཁྱད་པར་དུ་ལོ80ལྷག་ལ་སླེབས་པའི་ཉག་རོང་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཨ་བདེ་སོགས་ཀྱི་མདུན་ནས་བྲོ་ཚིག་མང་པོ་འཚོལ་སྡུད་བྱས་ཤིང་། ཁོང་ཚོའི་མཛུབ་སྟོན་དང་སློབ་གསོ་དང་དུ་བླངས་ནས་མཐར་བྲོ་ཚིག་བརྒྱ་ལྷག་གསར་རྙེད་བྱུང་བ་ཡི་གེར་བཀོད་ཅིང་། བྲིས་ཐང་འདི་ཉིད་འགྲུབ་པའི་རྒྱུ་རུ་བསྐྲུན།

དེ་ལྟར་ཉག་རོང་ཡུལ་གྱི་དམངས་ཁྲོད་ཀྱི་ཉག་བྲོའི་བྲོ་ཚིག་བཞི་བརྒྱ་ལྷག་དེ་སྡེབ་བྲིས་དང་འབྲི་ཚ། སུག་ཐུང་། སྡེ་ནང་ས་བྲིས་བཅས་ཡིག་གཟུགས་རྣམ་པ་བཞི་ཡི་བྲིས་རྒྱུན་གྱིས《ཉག་རོང་བྲོ་ཚིག་རྣ་བའི་བདུད་རྩི》ཞེས་པའི་བྲིས་ཐང་རིང་མོ་འདི་ཉིད་ལེགས་པར་འགྲུབ། བྲིས་ཐང་འདི་ཉིད་ཀྱི་རིང་ཚད་ལ་སྨི1050ལྷག་ཡོད་ཅིང་། ཞེང་ཚད་ལ་ལི་སྨི70ལྷག་ཡོད་ལ། ཉག་རོང་ཡུལ་གྱི་བྲོ་དང་བྲིས་ཀྱི་བསྟན་པ་གཉིས་ལྷན་དུ་འཛིན་སྐྱོང་གི་འཕྲིན་ལས་རླབས་པོ་ཆེ་ཞིག་དུས་རབས་འདིའི་བང་ཁ་ནས་གཞོན་སྐྱེས་གཉིས་ཀྱིས་ལེགས་པར་འགྲུབ་པའོ།།

བརྟག་དཔྱད་དང་ཞིབ་བཤེར་རབ་དང་རིམ་པ་མང་པོ་བརྒྱུད་མཐར། སྤྱི་ལོ2025ལོའི་ཟླ4པའི་ཚེས30ཉིན་ཏེ་བོད་ཀྱི་ཡིག་གཟུགས་ཉིན་མོར《ཉག་རོང་བྲོ་ཚིག་རྣ་བའི་བདུད་རྩི》ཞེས་པའི་བྲིས་ཐང་རིང་མོ་འདི་ཉིད་འཛམ་གླིང་གི་ཟིན་ཐོར་ཚུད་ཅིང་། པདྨ་གསེར་སྨྱུག་རྟགས་པའི་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་གཟེངས་བསྟོད་མཛད་སྒོའི་སྟེང་དུ། གཞོན་སྐྱེས་བྲིས་པ་འདི་གཉིས་ལ་གཟི་བརྗིད་དཔང་ཡིག་དང་གཟེངས་བསྟོད་གཟིགས་མཐོང་ཐོབ་སྟེ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བྲིས་ཀྱི་བྲིས་ཐང་རིང་མོ་འདིའི་མཚན་སྙན་རབ་ཏུ་རྒྱས་པའོ།།

འདི་ནི་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བྲིས་དང་བྲོ་ཡི་བརྒྱུད་འཛིན་ཐབས་ལམ་གསར་ཤོས་ཤིག་ཡིན་ལ། ཉག་རོང་བྲོ་ཚིག་དང་བྲིས་གཟུགས་ཙམ་མིན་པར་བོད་ཀྱི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པོ་དང་བྲིས་ཀྱི་རིག་གནས་འདི་དག་དུས་རབས་ཀྱི་ཕྲག་སྟེང་ནས་ལྷིང་ལ་བུད་པའི་ཟླ་གཞོན་ལྟར་འཛམ་གླིང་རིག་པའི་གླིང་ན་ཁ་བ་རི་བའི་རིག་གནས་ཀྱི་གཟི་འོད་འབར་ཐུབ་པའི་རྟེན་འབྲེལ་བཟང་པོ་ཞིག་ལགས་སོ།།

( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།)