ད་ལྟ་བདག་ཉིད་ཁྱེད་ལ་ཆ་རྒྱུས་ཅི་ཡང་མེད་པས།
འགྲོ་འདུག་གི་ལམ་བར་མང་པོ་ནས།
ཁྱེད་ཀྱི་ཕྱོགས་སུ་ཕྱིར་མིག་བལྟ་དགོས་བྱུང་།
ཡིན་ཡང་། གྱེས་པའི་ལོ་ཟླ་ནི་ཤིན་ཏུ་རིང་བས།
ད་ལྟ་ལྷག་ཡོད་པ་ནི་དྲན་གདུང་འབའ་ཞིག་རེད་འདུག
སྐབས་རེར་སེམས་ཀྱི་གས་སྲུབས་བར་ན།
ས་རྡུལ་གྱིས་འཚང་བ་ལྟ་བུའི་འདས་དོན་སིལ་བུ་དག།
ཡིད་ལ་འཁོར་རྗེས།
བདག་ཉིད་འདས་པའི་རྨི་ལམ་ལྟ་བུའི་ཀློང་དུ།
ཡང་བསྐྱར་ལན་གཅིག་འགྲིམ་དགོས་བྱུང་སོང་།
འཚོ་བའི་རས་ཡུག་འདི་ཧྲིལ་གྱིས་འཚིག་པར་དོགས་ཏེ།
ངས་རྟག་ཏུ་ནང་སེམས་ཀྱི་མེ་ལྕེ་ལ་གཟབ་གཟབ་བྱས།
དེ་ལྟར་མཆོར་ཉམས་འབའ་ཞིག་གི་ཀློང་ནས།
ང་ཡི་མི་ཚེའི་ལྕུག་ཕྲན་ལ་རྒས་གཉེར་བསྡུས།
འོན་ཀྱང་། ངས་ད་དུང་རང་ཉིད་ངོ་མ་ཞིག་དཔོག་མ་བྱུང་ལ།
གཞན་གྱི་ངོ་གདོང་ངོ་མ་ཞིག་ཀྱང་དཔོག་མ་བྱུང་།
༼ ལྡེའུ་ནག། ༽