国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདུ་འབྲལ་སྙིང་པོ་བྲལ་བའི་གླུ།

མཛེས་པའི་ལང་ཚོ་དགོང་གི་འཇའ་ཚོན། །

སྲིད་པའི་ཕུན་ཚོགས་གློག་གི་གར་རྩེད། །

འདྲིས་པའི་ཉེ་དུ་ཆུ་ཡི་ལྦུ་བ། །

སྐད་ཅིག་མི་རྟག་ངང་ཚུལ་སྐྱོ་བ། །

བསམ་པའི་རང་དབང་ཅུང་ཙམ་མེད་པར། །

འཇིགས་རུང་ཕྱི་མའི་ཐང་ལ་འགྲིམ་པའི། །

སྙིང་གི་དམར་ས་གས་པའི་ཨ་ཅེར། །

གོང་མ་ལྷ་ཡི་སྤྱན་གྱིས་སྲུངས་ཤིག །

འཁོར་བའི་ཐང་དུ་བཞད་པའི་མེ་ཏོག །

གློ་བུར་སྟོན་གྱི་བ་མོ་སླེབས་ཏེ། །

སྙིང་རྗེ་སྒྱུ་མའི་ངོ་གདོང་མེད་པར། །

རྩད་ནས་བཅོམ་པར་སེར་སྣ་ཆེ་བ། །

གདུག་རྩུབ་གཤིན་རྗེའི་བཀའ་ཡིག་བཙན་པོ། །

བཟློགས་མེད་ལས་ཀྱི་འཁོར་ལོ་འཁོར་ནས། །

བརྩེ་བའི་འདབ་མ་གཅིག་ཏུ་བཞད་པའི། །

ཨ་ཅེ་ཁྱེད་ཀྱི་ཕྲག་པར་ལྷུངས་སོང་། །

མི་ཡི་འཇིག་རྟེན་ཁམས་ན་ཡོད་དུས། །

ཡོད་ཡོད་འདྲ་བའི་འཇིག་རྟེན་ཆོས་བརྒྱད། །

སྐད་ཅིག་མི་དལ་ཕྱི་མར་ཆས་ཉིན། །

འདུས་བྱས་སྙིང་པོ་ཅུང་ཙམ་མི་འདུག །

བསྲན་མེད་ན་ཟུག་དེ་ཙམ་མེད་པར། །

གཉིད་ལས་སངས་པ་མེད་པ་ལྟ་བུའི། །

གསོན་པའི་དཀར་ངོགས་བརྗེས་སོང་ཟེར་བའི། །

གཏམ་དེ་ཐོས་ན་ཨེན་ཙམ་བདེ་མོད། །

ཆ་ཡོད་ངོ་གདོང་སྣང་བར་བཞད་དེ། །

འདྲིས་པའི་སྐད་གདངས་རྣ་བར་འཁོར་ན། །

མག་མོག་ན་བུན་ལང་ལོང་འཐིབ་པའི། །

རྨི་ལམ་ཡུལ་ནས་དྭངས་ཐབས་མི་འདུག །

སྙིང་དུ་སྡུག་པའི་ཆུང་སྐྱེས་ལང་ཚོ། །

བྱ་རྒོད་ཚོགས་ཀྱི་ཟས་སུ་སོང་རྗེས། །

མཐོང་ཐོས་ཙམ་ཡང་མེད་པར་བསམས་ན། །

སེམས་ཁུང་ཕམ་ཞིང་མིག་ཁུང་བརླན་ཡོང་། །

ངེས་མེད་ནད་ཀྱི་སོ་ཁར་ལྷུངས་ནས། །

འབྱུང་བའི་ལུས་པོ་ཧྲུག་ཧྲུག་བྱས་མཐར། །

འཇིག་རྟེན་སྣང་བ་དྭངས་མཐའ་མེད་པའི། །

ངང་ཚུལ་དྲན་ན་སྙིང་ནས་འཚེར་ཡོང་། །

ཐོབ་ཤོར་རྒོད་པའི་སྐྱེ་བ་འདི་ལ། །

ལས་ཀྱིས་བསྡུས་པའི་གཉེན་ཉེ་མང་ཡང་། །

བློས་ཐུབ་སྙིང་ནས་དམ་པོར་སྲུང་བའི། །

ཨ་ཅེ་ཁྱེད་འདྲ་གཅིག་དང་གཉིས་ཡིན། །

ཕྱིར་དྲན་བྱིས་པའི་ལོ་ཟླ་བཀླགས་ན། །

ཟངས་དམར་ལུང་བའི་ཁ་རྐུབ་ཀུན་ལ། །

ཕྱུགས་རྗེས་འདེད་པའི་རྐང་རྗེས་བཞག་ནས། །

པྲ་ཆལ་རོལ་རྩེད་ཅི་ཡང་བྱས་པ། །

ད་ལྟ་དྲན་ན་མདང་གི་རྨི་ལམ། །

གཏམ་གྱི་རོལ་རྩེད་རྒྱ་མཚོར་ཞུགས་ནས། །

ཕ་མས་གདམས་པའི་ལས་ལ་བཤོལ་ནས། །

ཉི་མའི་གྲིབ་ཆེན་འགུགས་སུ་འཇུག་དུས། །

ཚེ་ཡི་གྲིབ་མ་དགུག་འགྲོ་མ་བསམ། །

དྲན་པ་མ་ངེས་གཏད་སོ་ཞིག་ལ། །

ད་དུང་གསོན་དུ་ཡོད་པ་འདྲ་བ། །

སེམས་ཀྱི་དྲང་སོ་དྲང་ལ་བཞག་ན། །

སྙིང་ཁུང་སྟོང་བའི་མཆི་མ་ཤོར་ཡོང་། །

བརྩེ་བས་བཅིངས་ཤིང་དྲན་པས་འཚོས་པའི། །

གཡོ་ཟོལ་མེད་པའི་ཕྱི་ཐག་དྲན་ཏེ། །

རང་གི་ཚོད་ཀྱི་དགེ་བའི་དངོས་པོ། །

ཕྱི་མའི་ཐང་གི་ཨ་ཅེར་བསྐུལ་ལོ། །

༼ གཡེར་མ། ༽