ཀྱེ་ཀྱེ་ཉོན་དང་མཁས་པའི་ཚོགས། །
ལྷ་ལམ་མཐའ་བྲལ་ཆེན་པོ་ན། །
ཆུ་འཛིན་བཞེངས་པའི་ཁྲི་སྟེང་ན། །
དབྱངས་ཅན་ལྷ་ཡི་སྒེག་མོ་བཞུགས། །
གང་གི་ཤེས་རབ་འབར་བའི་འོག །
བྱམས་བརྩེ་ཐུགས་རྒྱུད་མངའ་བ་ཡི། །
བརྩེ་འཛུམ་པདྨོའི་སྐྱེད་ཚལ་དུ། །
བདག་ཀྱང་འཁོར་བའི་རི་དྭགས་མིག །
ལྷ་ཡི་འོད་སྟོང་འཕྲོ་བའི་གཞིར། །
བདེ་ཆེན་འབར་བའི་ཕོ་བྲང་དུ། །
ཕྱག་ལ་རྒྱུད་དྲུག་མནབས་པ་ཡི། །
དཔྱིད་ཀྱི་ཁུ་བྱུག་གསུང་སྙན་མ། །
ལྷན་སྐྱེས་ངང་དུ་རྣམ་རོལ་བའི། །
མཛེས་སྡུག་ལུས་ཕྲའི་རྩེན་སོན་པ། །
ལྷ་མི་མགུ་བའི་མཛེས་དགའ་མོར། །
ང་ཡི་གཏན་གྱི་འདུན་མ་བཅོལ། །
ས་ཆེན་མཁས་པའི་པཎ་གྲུབ་དང་། །
ཞབས་དཀར་ཚོགས་དྲུག་ལ་སོགས་པས། །
གཏན་གྱི་གྲོགས་སུ་བསྟེན་གྱུར་ན། །
བདག་ལ་ཅི་ཡང་མ་སྨྲས་མོད། །
དོ་ཧའི་མགུར་གླུ་ངག་ལ་འཁྲུངས། །
ཚངས་པའི་སྒྲ་དབྱངས་སྙིང་ལ་བབས། །
སྒེག་ལྡན་ན་ཆུང་ལུས་ཕྲའི་ཚོགས། །
རིང་ནས་བརྩེ་བའི་ཉེ་སར་འཕོས། །
ཆུ་འཛིན་བལ་དཀར་འཇམ་པའི་འོག །
ཉི་འོད་ལམ་ལམ་འཕྲོ་བའི་སར། །
ངག་རིག་འགྱུར་ཁུག་གཏིང་ཟབ་པའི། །
ཨེ་མ་དབྱངས་ཅན་མཛེས་དགའ་མོ། །
སྟོན་ཀའི་སྡོང་ལོ་སེར་པོའི་འོག །
ཁྱེད་ཀྱི་གཟུགས་རིས་རི་མོ་ཕབས། །
དུས་བཞིའི་འགྱུར་བ་ཅི་བྱས་ཀྱང་། །
ཁྱེད་ལ་གཏན་དུ་སེམས་གཏམ་སྔོག །
མགྲིན་ལ་ཁུ་བྱུག་བབས་པའི་མི། །
མགྲིན་ལ་རང་དབང་ཐོགས་པའི་མི། །
ཚངས་སྲས་དགྱེས་པའི་བུམ་ཆུང་འདི། །
བཅོས་མིན་སེམས་ཀྱི་ཀློང་དུ་རྡོལ། །
ཁ་བའི་མེ་ཏོག་འཇོལ་མོ་སྟེ། །
གངས་རིའི་ལྗོངས་ཀྱི་ཡུལ་དེར་སླེབས། །
དེ་ནི་ཕོ་ཉ་མངགས་སམ་ལགས། །
ང་ཡིས་སྣེ་ལེན་ཕེབས་བསུ་ཞུ། །
ཚེ་རབས་ལས་ཀྱི་སྨོན་ལམ་དུ། །
ང་ཡི་དཔལ་དུ་འཁྲུངས་པ་ཡི། །
དབྱངས་ཀྱི་ཟིལ་བ་ཁྲོམ་ཁྲོམ་འདི། །
རིན་ཐང་མེད་པ་མ་ལགས་སོ། །
༼ ཁམས་ཟླ་སྲས། ༽