འཚོ་བའི་ཉིན་སྲིབ་བར་ནས་ང་ཚོས་འདི་ལྟར་འཚོལ་སྙེག་བྱེད་བཞིན་འཇིག་རྟེན་གྱི་དགའ་སྐྱོ་མཐའ་དག་པང་དུ་ལེན་དུས། རང་གིས་རང་ལ་འཚམས་པའི་འཚོ་བ་དང་དེའི་ཁྲོད་ཀྱི་དགའ་ཕྱོགས་རེ་ཡོད་སྲིད་པས། སུ་ཞིག་ཡིན་ཡང་དགའ་ཕྱོགས་བསྐྱུར་ནས་འགྲོ་མི་སྲིད། ལ་ལས་དགའ་ཕྱོགས་དེའང་ཕུགས་འདུན་དུ་བསྒྱུར་ནས་ས་ཆ་གང་དུ་སོང་ཡང་། བྱ་བ་དེའི་དོན་དུ་ཡང་ན་ཕུགས་འདུན་དེའི་ཆེད་དུ་གཤོག་པ་བརྐྱངས་ནས་གང་སར་འགྲིམས་ཏེ་སྤྲིན་པ་བཙན་གྱིས་བཅད་དེ་ནམ་མཁའ་གཡའ་དག་པ་ལ་ལྟ་འདོད་པ་ལྟར། བདེ་སྐྱིད་ཀྱིས་གང་བའི་འཚོ་བ་ཞིག་གི་ཆེད་དུ་འབད་བརྩོན་གྱི་ས་བོན་བཏབ་པས་ན། ངའང་དགའ་ཕྱོགས་ལ་ཕག་ཏུ་གབ་ནས་འདུག་ཐབས་མ་བྱུང་། དགའ་ཕྱོགས་དེས་རང་ཉིད་ལ་དགའ་ན་དགའ་སྟངས་མི་གཅིག་ལ་སྐྱོ་ན་སྐྱོ་ལུགས་གཞན་ཞིག་སྤྲོད་ཡོང་བ་ཞིག་རེད་འདུག། ང་ནི་ཆུང་ཆུང་གི་དུས་སུ་སློབ་གྲྭ་ནས་གར་སྟེགས་ཆུང་ཆུང་ཞིག་གི་བདག་དབང་ཡོད་པའི་གླུ་བ་ཞིག་ཀྱང་ཡིན་ཁུལ་བྱས་མྱོང་། དེ་ནི་ང་རང་འཚར་ལོངས་བྱུང་སྟངས་གཞན་ཞིག་ཀྱང་ཡིན་ངེས། སྐབས་དེར་གླུ་དབྱངས་ཟེར་ནས་ཚད་མཐོན་པོ་ཞིག་ལེན་མ་ཤེས་ཀྱང་། ངས་བོད་གླུ་ཞིག་གི་དབྱངས་ཀྱི་འགུགས་ཆ་ཤེས་དུས། དེའི་ཚིག་མ་ཤེས་ནའང་ཡིན་མདོག་མདོག་གིས་ཁ་ནང་ནས་ཅི་འདྲ་ཞིག་ཡོང་ན་དེ་ཚིག་ལ་བརྫུས་ཏེ་བླངས་པ་ཡིན། སློབ་གྲོགས་ཚོས་ལ་ལས་སྙན་འདུག་ཟེར་ནས་ཐལ་མོ་བརྡབས་མྱོང་ལ། འགའ་ཡིས་ཁྱོད་ཀྱིས་བླངས་པའི་དབྱངས་རྟ་དེའི་ཚིག་ནོར་འདུག་ཟེར་ནས་མཚར་གཏམ་ཁྲོད་ནས་བགད་ཀྱང་མྱོང་། དེ་དུས་ཀྱི་ང་ཚོ་ནི་སྣབས་ཀྱང་བདག་མི་ཐུབ་པའི་བྱིས་པ་ཞིག་ཡིན།
༢
ཉིན་འགའ་ཡི་རྗེས་སུ་སློབ་ཆུང་དགེ་རྒན་གྱིས་ང་དང་བྱིས་པ་འགའ་བསལ་ཏེ་གླུ་དབྱངས་རེ་ཟུང་སྟ་གོན་བྱེད་དུ་བཅུག། ང་ཚོའི་དགོན་གྱི་བཀྲ་ཤིས་གཡང་སྒང་ཞེས་པའི་ལ་རྩེ་དེ་ནས་ལོ་རེ་ལ་རི་བསང་གཏང་རྒྱུ་ཡོད་ལ་དེའི་སྐབས་དགོན་པའི་མཁན་གྲྭ་དང་ད་དུང་བླ་མ་ལགས་ཀྱང་བྱོན་ཡོང་། ས་ཆ་དེ་ནི་དགོན་པའི་རྒྱབ་ཕྱོགས་སུ་གནས་ཡོད་པས་ཧ་ཅང་ཡིད་དུ་འོང་བའི་ལ་འགོ་མཐོན་པོ་ཞིག་ཡིན་ལ། དེར་སྤང་ལྗོངས་ཆེ་ལ་དབྱར་གཞུང་རིང་མོའི་སྐབས་སུ་མེ་ཏོག་སྣ་ཁ་མང་པོ་གང་སར་བཞད་ཡོད། ཡིད་ལྷུང་བའི་ལ་འགོ་དེ་ནས་མུ་མཐའ་མེད་པའི་དགོན་པ་དང་དེའི་འདབ་འདབས་ཀྱི་སྡེ་བ་ལ་བལྟས་ནས་བསྡད་ན་འཇིག་རྟེན་ཁམས་ཡོངས་རྫོགས་པང་དུ་བླངས་པ་འདྲ་ལ། ཉི་ཟེར་དགོན་པའི་རྒྱ་ཕིབས་ལ་ཕོག་པས་གསེར་འོད་ལམ་ལམ་དུ་འཕྲོ། སྤྲིན་པ་ཐར་ཐོར་གྱི་བར་ན་བྱ་བྱེའུ་ཚོགས་ཀྱིས་འཕུར་རྩལ་ངོམ་པ་ནི་ཡུལ་ལྷ་གཞི་བདག་རྣམས་ཀྱིས་སྤྲུལ་བསྒྱུར་བྱས་ནས་ཕེབས་སམ་སྙམ་པ་ཞིག་ཡིན། ཡུལ་མི་ཚོ་ཡང་སུ་ཁོམ་གང་ཁོམ་བྱས་ནས་ཕེབས་ཏེ་རི་བསང་བཏང་རྗེས་གླུ་གར་གྱི་མཆོད་པའང་འབུལ་སྲོལ་ཡོད། སྐབས་དེར་ང་ནི་སློབ་ཆུང་ནང་གི་སློབ་མ་ཡིག་རྨོངས་པ་ཞིག། ཡང་ན་སློབ་ཆུང་ནང་གི་གླུ་པ་ཆུང་ཆུང་ཞིག་ཀྱང་ཡིན་ཨང་། སྤང་ལྗོངས་ཀྱི་ཟིལ་བའི་ཁྲོད་བླ་མ་ལགས་ནི་མེ་ཏོག་པདྨ་བཞིན་དཀར་ཞིང་དྲི་མས་མ་གོས་པར་བཞད་ཡོད་ལ་དེའི་མཐར་སློབ་བུ་ཚོ་འདབ་མ་སྟོང་ཅན་ཞིག་ཡིན་པའི་ཟོལ་གྱིས་སྤྲོ་སེམས་དང་འཛུམ་བག་གིས་ཁེངས་ཤིང་། ངས་ཁོང་ཚོའི་མདུན་དུ་གླུ་སྐད་ཅིག་གི་དབྱངས་རྟ་དཀྲོལ་ཐུབ་པ་དེའང་དགའ་འོས་པ་ཞིག་ཅི་ལ་མིན། རྒྱུ་མཚན་ང་ལ་དེ་དུས་སྐད་ངག་སྙན་མོ་ཞིག་མེད་པ་ང་རང་གིས་ཀྱང་ཤེས་མོད། སློབ་གྲྭའི་ནང་གི་སློབ་གྲོགས་ཚོའི་དགའ་བསུ་དང་དགའ་ཕྱོགས་ཀྱི་བསླུ་བྲིད་ཅིག་གིས། ངས་ཀྱང་ཡིན་མདོག་མདོག་གིས་མི་སྙན་སྙན་པའི་རྫིག་ཉམས་ཤིག་སྟོན་ཤོར་སོང་། དེའི་རྐྱེན་གྱིས། ངས་རང་ཉིད་ལ་ཡིད་ཆེས་ཤིག་སྩོལ་བཞིན་རང་གི་སེམས་པ་དེའང་དབྱངས་རྟ་ལ་དབང་མེད་དུ་ཤོར་སོང་། དེ་ནས་བཟུང་ང་ནི་གླུ་དབྱངས་ལ་དགའ་འགོ་བརྩམས།
༣
ཡིན་ཡང་། ད་ནི་ང་ལ་རང་ཉིད་དང་འཚམས་པའི་འཚོ་བ་ཞིག་ཡོད་པ་ནི། ངུར་སྨྲིག་འཛིན་པའི་སྡེ་རུ་གནས་ཡོད་པ་དེ་ཡིན་ལ། དེ་ཡི་སྤང་ཐང་ལ་དབྱར་ཁ་ཚེས་ཡོད། ད་ནི་ངའི་དགའ་ཕྱོགས་དེ་ཕུགས་འདུན་དུ་གྱུར། ང་ལ་བློ་དཀར་བའི་བླ་མ་དང་མཆེད་པོ་ཚོས་ཀྱང་ངའི་ཆེད་དུ་ཐུགས་འདང་མང་པོ་གནང་ཡོད་པ་དེ་ནི་ངས་སེམས་ཀྱིས་ཚོར་ཡོད། ངས་མིག་གིས་མཐོང་ཡོད། ད་ལྟར་གྱི་འཚོ་བ་ལ་བདེ་སྐྱིད་ཀྱི་དཔྱིད་དཔལ་བཞད་ཡོད་པ་དང་། བསོད་ནམས་ཀྱི་འབྲས་བུ་ཡིན་ཚུལ་སོགས་གསུངས་ཏེ་ལམ་བུ་འདིར་སྐུལ་ལྕག་ཀྱང་གནང་མྱོང་། དེ་བས་ངས་ཁྱེད་ཅག་ལ་སྟབས་གཅིག་ཏུ་ཡོད་ཚད་ལ་བཀའ་དྲིན་ཞུ་དགོས་ཡོད། ངའི་ངོ་གདོང་དང་གཤིས་ཀ་རེ་རེ་ནས་མཐོང་མྱོང་བའི་ང་ལ་རྒྱུས་ལོན་ཡོད་པའི་གྲོགས་པོ་དག། ང་ཁྱོད་ཅག་ལ་བློ་དཀར། བྱ་བ་ཙག་ཙིག་རེའི་ཆེད་དུ་ངས་ཁྱོད་ཚོ་ལ་ཕོག་ཐུག་བཏང་ཡོད་སྲིད། ཡིན་ནའང། རང་སེམས་དམར་པོ་དཔང་དུ་བཞག་ནས་སྟོན་ཆོག་ཆོག་ཞིག་ནི། སེམས་གཏིང་ནས་ངས་མི་གཅིག་ལ་ཡང་ཕོག་ཐུག་གཏོང་མི་འདོད། ངའི་སེམས་པ་ཆུང་དྲགས་སོང་། ཧ་ཅང་ཆུང་བས། སྐད་ཆ་སྙི་མོ་སྙི་མོ་རེའང་ཤོར་གྱིན་འདུག། ང་ཡི་ཀློག་པ་པོ། ད་ལྟར་བསམས་ན་ང་རང་སྐྱིད་སྣང་འདུག། ཧ་ཅང་སྐྱིད་སྣང་འདུག། ཁོར་ཡུག་དང་ཡང་ན་གྲོགས་པོའམ་མཆེད་གྲོགས། དེ་དག་ནི་ཆེད་དུ་ང་ལ་བཀོད་སྒྲིག་བྱས་པ་དང་འདྲ་ལ། གུ་ཡངས་ཤིང་། སྤྱོད་བཟང་ལྡན་པ། ཕྱི་ཐག་ཀྱང་རིང་བ། ང་ལ་འཇིག་རྟེན་འདིར་ཅི་ཡང་མ་ཐོབ་ཀྱང་སྐྱོན་མི་འདུག་སྙམ་པའི་ཚོར་བ་ཞིག་སྟེར་གྱིན་འདུག། དེའི་ཕྱིར་ད་ནི་ངས་ཆོས་ཀྱི་མཆེད་པོ་རྣམས་དང་ལྷན་དུ་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བྱེད་ཞོར། རྗེ་མི་ལའི་མགུར་འབུམ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་ལ་མཇལ་ཞིང་། འཁོར་འདས་ཀྱི་རྟོག་འགྱུ་གསལ་བའི་མགུར་གླུ་དག་དབྱངས་སུ་འགུགས་བཞིན་བརྗོད་བྱ་ཟབ་མོའི་གཏིང་རིམ་ལ་ཉུལ་བཞིན་ཡོད། ངའི་ཁེར་རྐྱང་གི་རྣམ་ཤེས་སྲུང་བའི་དབྱངས་རྟ་ལགས། ༼ འོ་ཟི། ༽