སྤྱི་ཟླ7པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རོང་བྲག་རྫོང་གི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེའི་འཐབ་ཕྱོགས་དང་པོར་ཕེབས་ནས་ཉེན་སེལ་ལས་དོན་ལ་མཛུབ་ཁྲིད་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་ཆུ་ལོག་སྔོན་འགོག་ཉེན་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་འགོད་ཀྱི་དགོངས་དོན་དོན་དུ་འཁྱོལ་ཞིང་། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ཏེ། ཤུགས་ཡོད་རྒུས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། གནོད་འཚེ་བྱུང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཉམས་གསོ་བྱས་ཏེ། མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་གོ་རིམ་གང་མགྱོགས་སླར་གསོ་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།
ཧྥུང་ཧྥ་ཀུའེ་གནོད་འཚེ་ཚབས་ཆེན་ཐེབས་པའི་བྲག་སྟེང་གྲོང་རྡལ་ཁྱུང་རི་ལུང་དང་གཤེན་ཀྱོ་གྲོང་ཚོ་དང་པོར་ཕྱིན་ནས་ཡུལ་དངོས་ཀྱི་གནོད་འཚེ་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། མི་སྣ་འཚོལ་སྐྱོབ་དང་སྤོ་སྒྱུར་བཀོད་སྒྲིག། རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཆེད་དོན་ཚོགས་འདུ་འཚོགས་ནས་ཉེན་སྐྱོབ་ཉེན་སེལ་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་བསྟན་དོན། དུས་ཚོད་དམ་འཛིན་བྱས་ནས་ཤུགས་ཡོད་རྒུས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་དང་དེ་དག་གི་ཁྱིམ་མིར་སེམས་གསོ་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་སྡོད་གནས་དང་བཟའ་བཏུང་། སྨན་བཅོས། སེམས་ཁམས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་སེལ་ཐབས་དང་། གནོད་ཐེབས་མང་ཚོགས་ལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དངོས་སུ་ཚོར་དུ་འཇུག་ཅིང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་སོགས་གནོད་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ་བྱས་ཏེ་འཚོ་བ་རྒྱུན་ལྡན་དུ་འགྱུར་བར་ཁག་ཐེག་བྱས་ཤིང་། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱི་གནོད་འགོག་ཉེན་གཡོལ་འདུ་ཤེས་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་གནོད་འཚེ་ལ་ཞིབ་བཤེར་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེའི་གནས་ཚུལ་དཔྱད་དཔོག་བྱས་ཏེ་གནོད་རྗེས་བསྐྱར་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱ་དགོས།།
( ཡེ་ཤེས་ཀྱིས་བསྒྱུར།)