国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་གི་འགྱུར་ལྡོག་ལམ་བུ།

གཞིས་ཁུལ་གྱི་མཚན་ལྗོངས།

གཞིས་ཁུལ་དུ་ཡོད་པའི་སྦྲ་ནག།

དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་དུ་ཟླ་བ་གཉིས་རིང་བསྒྱུར་བཀོད་ཞིབ་ཚགས་བྱས་པའི་ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་ཧང་སངས་པའི་ངང་བསྐྲུན་ཡོད། དེ་ནི་ཨ་ཚབ་གྲོང་སྡེའི་ཡུལ་སྡེ་དར་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཁྲོད་ཀྱི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། སྒོ་འགྲམ་དུ་ལས་ཞུགས་དང་ཡོང་འཕར་ལས་སྟེགས་བཙུགས་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་བའི་འགག་རྩའི་རྟེན་གཞི་ཞིག་ཀྱང་ཡིན།

སྤྱི་ཟླ6པའི་ཚེས30ཉིན། ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་དུ་ཡུལ་མི་རྣམས་ཀྱིས་ལུས་ལ་བོད་ལྭ་གྱོན་ནས་ཁྱད་ཆོས་འབུར་དུ་ཐོན་པའི་སྦྲ་ནག་རེ་རེའི་བར་དུ་འཆམ་འཆམ་ལ་འགྲོ་བ་དང་། འོ་རྫས་བཟོ་ཁང་ནས་འོ་མའི་དྲི་ཞིམ་ལྷང་ལྷང་དུ་ཁྱབ་པ་རེད། ད་སྔ་ལྷིང་འཇགས་སུ་གནས་པའི་ས་ཆ་དེར་དེང་སང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་ནི་དཀར་མཛེས་དང་དཔལ་ཡུལ་བར་གྱི་གཞུང་ལམ་དུ་གནས་པ་དང་སྦྲ་གུར་གཙོ་བོར་བྱས་ནས་བཟོས་པའི་དམངས་སྲོལ་མྱོང་རོལ་དང་ཁྱད་ཆོས་བཟའ་བཏུང་གཞི་གཅིག་ཏུ་འདུས་པའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཞིག་ཡིན། གཞིས་ཁང་དུ་བཟའ་བཏུང་ཁུལ་དང། ཇ་བཏུང་ཁུལ། ཞག་སྡོད་ཁུལ། རླངས་འཁོར་འཁྲུ་ཁུལ། སྟེགས་གྲུག་ཁུལ་སོགས་སྒྲིག་བཀོད་བྱས་པར་མ་ཟད། འོ་མའི་ཐོན་རྫས་བཟོ་བར་མྱོང་རོལ་བྱེད་ཐུབ། འདིར་ཟས་ཞིམ་དག་མའི་བྲོ་བ་མྱོང་ཐུབ་ལ་དམངས་སྲོལ་རིག་གནས་མྱོང་རོལ་ཡང་བྱེད་ཐུབ་པས་བག་ཕེབས་སྤྲོ་སྐྱིད་བྱ་ཡུལ་བཟང་པོ་ཞིག་ཡིན།

ད་སྔ་ཚོང་འགུག་མ་དངུལ་ནང་འདྲེན་གྱི་གཙོ་གནད་ལས་ཚན་ཡིན་པའི་གཞིས་ཁང་དེ་གཉེར་སྐྱོང་བྱེད་སྟངས་ཁེར་རྐྱང་དང་ཁྲོམ་རའི་བརྡ་ལེན་འགོར་འགྱངས་སུ་སོང་བའི་དབང་གིས་རིམ་བཞིན་གཉེར་སྐྱོང་དཀའ་གནས་སུ་ལྷུང་ཡོད། ད་ལོའི་ཟླ་བ4པ་ནས་འགོ་འཛུགས་པ་སྟེ། ཨ་ཚབ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་མ་རྐང་དུ་བསྒྱུར་བ། ཞིང་པ་མ་རྐང་འཇོག་མཁན་དུ་བསྒྱུར་བའི་འཕེལ་རྒྱས་འདུ་ཤེས་ཁྲིད་སྟོན་དུ་བྱས་ཏེ། ཁྲིམས་ལྟར་གཞིས་ཁུལ་གྱི་གཉེར་སྐྱོང་དབང་ཆ་ཚུར་བླངས་ནས་མ་ལག་རང་བཞིན་གྱི་བསྒྱུར་བཀོད་རིམ་སྤོར་བྱེད་འགོ་བརྩམས།

དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བསྒྱུར་བཀོད་དེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྲུང་སྐུལ་བྱ་རྒྱུ་གཙོ་བོར་བྱས་ནས་མ་དངུལ་བསྡོམས་འབོར་སྒོར་ཁྲི70ལྷག་བཏང་བ་དང་ཡུལ་མིས་སྒོར་ཁྲི13གྲབས་གསོག་བྱས་པར་བརྒྱུད་མ་རྐང་འཇོག་པའི་ཐོབ་ཐང་ཐོག་ནས་ཐད་ཀར་ལས་གཞི་འཛུགས་སྐྲུན་ནང་ཞུགས་ཡོད། བསྒྱུར་བཀོད་བྱས་རྗེས་ཀྱི་གཞིས་ཁང་དེ་ཨ་ཚབ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་རང་བདག་གཉེར་སྐྱོང་བྱ་རྒྱུར་སྤྲད་དེ།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་ཡུལ་མིས་རང་སྐྱོང་བྱེད་པའི་བྱ་ཐབས་སུ་བསྒྱུར་བར་མངོན་འགྱུར་བྱུང་ཡོད།

ཨ་ཚབ་གྲོང་སྡེའི་ཡུལ་མི་སྒྲོལ་མས་ཕོར་པ་དང་ཐུར་མ་བསྡུ་རུབ་བྱེད་ཞོར་སྔར་གཞིས་ཁང་མ་གཉེར་གོང་ཁྱིམ་མི་ཁ་བྲལ་ནས་ཕྱི་རུ་གླ་པར་འགྲོ་དགོས་པས་ཕྱོགས་གང་ཐད་ནས་དཀའ་ངལ་དང་འཕྲད་བཞིན་ཡོད།གཞིས་ཁང་དུ་ལས་ཞུགས་ཐུབ་པ་ནས་བཟུང་ཡོང་འབབ་ཡག་པོ་རག་བྱུང་ཞེས་བཤད།

བསྒྱུར་བཀོད་བྱས་རྗེས་ཀྱི་གཞིས་ཁང་དེ་ཁེར་རྐྱང་གཉེར་སྐྱོང་བྱེད་སྟངས་ལས་བརྒལ་ནས་བཟའ་བཏུང་ཞག་སྡོད་སོགས་སྲོལ་རྒྱུན་གྱི་ལས་རྣམ་ཡོད་པར་མ་ཟད། གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་བཟོ་བ་དང་དམངས་སྲོལ་རིག་གནས་མྱོང་རོལ་སོགས་ཀྱི་རྣམ་གྲངས་གསར་སྤེལ་བྱས་ཡོད། གཞིས་ཁང་དུ་བསྐྱོད་སྐབས་འོ་མའི་ཐོན་རྫས་ལས་སྣོན་ཁང་དུ་ཡུལ་མི་ཚོས་ཞོ་སྙོལ་བ་དང་ཕྱུར་ར་བཟོ་བ་སོགས་སྲོལ་རྒྱུན་གྱི་ཟས་མཆོག་བཟོ་བར་བྱང་ཆ་ལྡན་པ་དང་། མཚན་མོར་སླེབས་སྐབས་སྦྲ་ནག་མདུན་དུ་སྐོར་བྲོ་འཁྲབ་བཞིན་ཡོད། ད་སྔར་གཞིས་ཁང་གིས་ས་གནས་དེ་གའི་ཡུལ་མི27ལས་ཞུགས་བསྡུ་ལེན་བྱས་ཡོད་ཅིང་དེའི་ནང་མགྲོན་ཁང་དོ་དམ་དང་རིག་གནས་འགྲེལ་བཤད་སོགས་ལས་གནས་མང་པོ་ཚུད་ཡོད།

ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་དུ་གཤོ་བསྒྱུར་པ་ནི་ཨ་ཚབ་གྲོང་རྡལ་གྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བཀོད་བབ་འཛུགས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞིང་། བཟའ་བཏུང་དང་། ཞག་སྡོད་། རོལ་རྩེད་སོགས་ཀྱི་ལས་རིགས་མཉམ་འདྲེས་གང་ལེགས་བྱས་པར་བརྒྱུད་གཞིས་ཁང་གིས་ཡུལ་སྐོར་བ་སྡོད་པའི་དུས་ཚོད་རིང་དུ་བཏང་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ཡོད། ཡུལ་སྐོར་བས་ཞོགས་པ་ཡུལ་ལྗོངས་སྟེགས་བུ་ནས་ཉི་ཤར་ལ་ལྟ་ཆོག་པ་དང་། སྔ་དྲོར་འོ་མའི་ཐོན་རྫས་ལས་སྣོན་དང་བཟོ་སྐྲུན་སྐོར་ལ་མྱོང་རོལ་བྱེད་ཐུབ། ཕྱི་དྲོར་སྟེགས་གྲུག་ཁང་དུ་སྤྲོ་གསེང་རོལ་རྩེད་བྱེད་པ་དང་ཡང་ན་འཚིག་ཇ་ཁང་དུ་ཁྱད་ཆོས་ལྡན་པའི་འཚིག་ཇ་བྲོ་བ་མྱོང་བ། མཚན་མོ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་ཞིམ་ལོངས་སུ་སྤྱད་ཆོག།

གཞིས་ཁང་གིས་ད་དུང་མཐའ་འཁོར་གྱི་མཉམ་ལས་ཁང་དང་རྒྱུ་ཆ་ཐད་ཀར་མཁོ་སྤྲོད་བྱེད་པའི་འབྲེལ་བ་བཙུགས་ཡོད། འོ་མའི་ཐོན་རྫས་ལས་སྣོན་བཟོ་གྲྭའི་རྒྱུ་ཆ་ཚང་མ་གྲོང་སྡེ་དེའི་གསོ་སྤེལ་དུད་ཚང་ནས་ཡོང་བ་དང་ཟ་ཁང་གིས་ས་གནས་དེ་གའི་འདེབས་འཛུགས་སྔོ་ཚལ་ཉོ་སྒྲུབ་བྱས་ཏེ་གཞིས་ཁང་དང་ཞིང་དུད་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཆགས་ཡོད།

ཁྲོམ་ཐར་སྐུ་མགྲོན་གཞིས་ཁང་གི་འགན་འཁུར་མཁན་གྱིས་ཡིད་ཆེས་ཆེན་པོས་འབྱུང་འགྱུར་ང་ཚོས་རྩྭ་ཐང་དང་འབྲོག་ར་སོགས་ཐོན་ཁུངས་སྦྲེལ་མཐུད་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྐོར་ལམ་བསྐྲུན་རྒྱུ་ཡིན། དེ་ཉིད་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡིན་པར་མ་ཟད། ཡུལ་མི་ཕྱུག་པོར་ཡོང་བར་སྐུལ་ཁྲིད་བྱེད་པ་དང་རིག་གནས་བརྒྱུད་འཛིན་ལ་སྐུལ་བའི་ལྟེ་གནས་ཤིག་ཏུ་བསྒྱུར་དགོས་ཞེས་བཤད་དོ།།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)