ང་ཚོ་འགྲོ་བ་མིའི་རིགས་ཀྱིས་རྩོལ་བར་བརྩམས་མྱོང་བའི་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ཡང་།སྐབས་རེར་སྤྲོ་དགའི་ཡོ་ལང་རབ་ཏུ་རྒྱས་པའི་བྱ་བའང་ཡོད་ཀྱང་བྱ་བའི་གོ་རིམ་མང་པོ་ཞིག་བརྒྱུད་མཐར་སུན་སྣང་དང་དང་ལེན་མི་ཐུབ་པའི་ཚོར་བ་ཞིག་ཀྱང་བྱུང་དཔེ།ཡང་ལན་རེར་སྐྱོ་བའི་ཁུར་ཆེན་ཕྲག་ཏུ་མི་ལོན་པའི་བྱ་བའང་ཡོད་ཀྱང་བྱ་བའི་གོ་རིམ་ངེས་ཅན་ཞིག་སོང་མཐར་སྤྲོ་བ་དང་འཇུག་འདོད་ཀྱི་སེམས་བྱུང་ཞིག་ངང་ངམ་ཤུགས་ཀྱིས་མི་སེམས་ཀྱི་སྙི་ས་རུ་འབྱར་ཡོང་།དེ་ལྟ་ནའང་།དཔེ་ཀློག་གི་བྱ་བ་རྩོམ་པ་ནི་གོང་གི་སྔ་ཕྱི་གཉིས་དང་མི་འདྲ་སྟེ།དཔེ་དེབ་ཀྱི་གསེང་གི་བདེ་སྐྱིད་འཚོལ་བ་ནི་ལུ་གུ་ཆུང་ཆུང་ལ་འོ་མ་བླུད་པ་དང་མཚུངས་ཏེ་ཇི་ལྟར་མཐའ་མེད་པའི་ཤེས་རིག་གི་རྒྱ་མཚོ་རུ་བརྩོན་འགྲུས་ཀྱི་ཀོ་གྲུ་བཏང་ཡང་དེ་ལྟར་དཔེ་ཆ་བ་གང་དེར་ཕྱིར་ལྡོག་མི་འདོད་པའི་འདུན་པ་དྲག་པོ་ཞིག་སྐྱེས་སྲིད།འོན་ཀྱང་།དཔེ་ཀློག་གི་རིན་ཐང་ཤེས་པ་དང་དཔེ་ཀློག་གི་འདུ་ཤེས་བསྟེན་པ་ནི་ཐོག་མའི་ཆ་རྐྱེན་དུ་མཐོང་བས།གལ་ཏེ་འདི་ཙམ་གྱི་རྨང་གཞི་མེད་པའི་དཔེ་ཆ་བ་ནི་གོང་གི་ཆོས་གཉིས་ཀྱི་དཔེ་རུ་འགྲོ་སྲིད།
ང་ནི་དཔེ་ཆ་ལ་ཤི་འཐམ་རོ་འཐམ་བྱེད་པའི་དཔེ་ཆ་བ་གླེན་པ་ཞིག་ཡིན་ལ།རྣམ་ཀུན་ཏུ་དཔེ་ཆ་བཀླགས་ནས་ངའི་ཉག་ཕྲ་བའི་ཚེ་སྲོག་ཆུང་ཆུང་འདི་གན་རྐྱལ་དུ་ཉལ་ཆོག་པའི་དུས་ཚོད་ཀྱི་བར་སྟོང་དག་ཀྱང་ག་ལེར་རྫོགས་སུ་འཇུག་གིན་ཡོད།འོན་ཀྱང་།ངས་མི་གཅིག་ལའང་ང་ལ་དཔེ་ཆའི་ཁྲོད་དུ་བདེ་སྐྱིད་ཡ་མཚན་འདུག་ཚུལ་དང་ངས་དཔེ་ཆའི་གྲངས་ཀ་ག་ཙམ་ཞིག་བཀླགས་མྱོང་ཚུལ་སོགས་བཤད་ཀྱིན་མེད།དྲང་མོ་བཤད་ན་དེར་འཐོབ་བྱའང་ཆེན་པོ་མེད་པ་འདྲ།
ད་ཐེངས་ངས་བོད་ཀྱི་རྩོམ་འབྲི་བའམ་སྒྲུང་གཏམ་པ་ཆེན་མོ་ལྷ་བྱམས་རྒྱལ་ལགས་ཀྱི་འབོལ་རྩོམ་ཕྱོགས་བསྒྲིགས《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》My loneliness and your literature ཅེས་པའི་དཔེ་དེབ་དེ་བཀླགས་གྲུབ་པའི་རྗེས་ཏག་ཏག་ང་ལ་ལྷ་བྱམས་རྒྱལ་ལགས་ལ་སྔར་མེད་ཀྱི་རྒྱུས་ཆ་ཞིག་ཐོབ་པ་དང་ཁོང་གི་བརྩམས་ཆོས་ཀྱི་ཕྱི་ནང་གསང་གསུམ་གྱི་མཛེས་སྡུག་དང་ཁོང་གི་ཤ་ཞེན་བག་ལ་ཐིམ་པའི་རིགས་ཞེན་སོགས་དབང་ལྔའི་ལོངས་སྤྱོད་དུ་སྨིན་སོང་བས་ནང་སེམས་སུ་དགའ་སྤྲོས་ལྟེམ་མེར་སོང་ཡོད།
ངས་དཔེ་དེབ་འདི་མ་བཀླག་པའི་གོང་རོལ་ཏུ་ང་ལ་ལྷ་བྱམས་རྒྱལ་ནི་བོད་ཀྱི་རྩོམ་འབྲི་བ་ཞིག་སྟེ་སྤྱིར་བཏང་གི་བརྩམས་སྒྲུང་འབྲི་བ་པོ་ཞིག་ལས་དམིགས་བསལ་གྱི་ཚོར་བ་འདྲ་ཞིག་གང་ཡང་མེད།མ་ཚད་སྔོན་མ་ཞིག་ལ་ངས་གང་ཞིག་ནས་ཁོའི་འདྲ་པར་ཞིག་མཐོང་མྱོང་ཡོད་ལ།ངས་ཁོའི་འདྲ་པར་ལ་བལྟས་ཏེ“ཁོ་རང་སྒྲུང་འབྲི་བ་ངར་བ་ཞིག་ཡིན་པར་འདུག་པ་ལས།ཕོ་སར་དེ་འདྲའི་རྫིག་པོ་ཞིག་མི་འདུག་ཨང་།”སྙམ་པའང་ཡོད་མྱོང་ཡོད།འོན་ཀྱང་དཔེ་དེབ་འདི་བཀླགས་པ་ནས་བཟུང་།ང་རང་ལྷ་བྱམས་རྒྱལ་ལ་དངོས་སུ་ཐུག་མ་མྱོང་བས་མ་ཚད་འཕྲིན་ཕྲན་སོགས་ཀྱི་ཐོག་ནས་ཀྱང་ཡིག་ལན་རེ་ཕན་ཚུན་བསྐུར་བ་ལས་སྐད་ཙམ་ཡང་དངོས་སུ་ཐོས་མ་མྱོང་ཡང་།ང་ལ་ཁོང་གི་བརྩམས་ཆོས་དང་རིགས་ཞེན་ལ་ཧ་ཅང་གློ་ཐག་ཉེ་བར་གྱུར་སོང་།ད་དུང་ངའི་སེམས་གཤིས་ལ་ལྷ་བྱམས་རྒྱལ་ཟེར་ན་ངའི་བསླབ་ཚན་གང་ཞིག་གི་དགེ་རྒན་ཡིན་པའི་སྣང་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྟེར་ཡོང་།
ང་ཚོ་བོད་ལ་མཚོན་ན་སྒྲུང་པ་དང་འཁྲབ་སྟོན་པ།སྙན་ངག་པ།ཟློས་གར་བ།མཚན་ཉིད་པ།གཏམ་བཤད་པ་སོགས་རིག་གནས་པའི་སྡེ་མང་པོ་ཞིག་ཡོད་ལ་ནམ་མཁའི་སྐར་ཚོགས་ཀྱིས་ཀྱང་གྲངས་མི་ཆོད་པ་ཞིག་ཡོད་མོད།རང་མི་རིགས་ཀྱི་སྐད་དང་ཡི་གེ་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་བདེ་སྡུག་ནི་ཤ་དང་རུས་པའི་གཏིང་ལ་ཟུག་ཡོད་པའི་ཡིག་འབྲི་བ་ནི་ཤིན་ཏུ་ནས་ཀྱང་དཀོན་པར་སྣང་།རི་བོང་གི་རྭ་ལྟར་དཀོན་པར་སྣང་།འོན་ཀྱང་ལྷ་བྱམས་རྒྱལ་ནི་རིགས་ཞེན་གྱི་མཚོ་མོ་དགུང་དུ་འཕྱོ་བཞིན་ཡོད་པའི་ན་གཞོན་རྩོམ་འབྲི་བ་ཞིག་རེད།བརྩམས་ཆོས་དག་ལས་དངོས་སུ་རིགས་ཞེན་དང་དམངས་བརྩེའི་ཐ་སྙད་དང་བརྗོད་པ།ཚིག་སོགས་མང་པོ་མཐོང་མི་ཐུབ་ནའང་།ཞིབ་ཏུ་བསམས་ན་ཁོང་གི་བརྩམས་ཆོས་རེ་རེའི་ཤུགས་སུ་རིགས་ཞེན་གྱི་སྙིང་དམར་པོ་རེ་སིམ་བསྡད་ཡོད་པ་ཞིག་རེད།དཔེར་ན།ཁོའི་ཚིག་ཅིག་ལ“བོད་ཀྱི་རྩོམ་པ་པོ་ཚོར་རྩོམ་ཡིག་འབྲི་བ་ལས་གཞན་འོས་འགན་ཞིག་ཡོད་པ་ནི།བོད་ཀྱི་སྐད་ཡིག་གི་ཆགས་འཇིག་དང་འཕེལ་རྒྱས་ལ་བསམ་བློ་གཏོང་དགོས་པ་དེ་རེད།”ཅེས་བྲིས་འདུག་པ་ལས་ཀྱང་ཁོང་ནི་རྩོམ་པ་པོ་གཞན་དག་དང་ཅུང་མི་གཅིག་པ་ཞིག་ཡིན་པ་རྟོགས་ཡོང་ངེས།ད་དུང་ཁོང་ནི་རྒྱ་ནག་པེ་ཅིན་དུ་འཚོ་བཞུགས་གནངས་ཏེ་ལོ་བཅུ་ཕྲག་མང་པོ་སོང་ན་ཡང་ཁོའི་འཚོ་ཆས་དང་ནང་སེམས་ཀྱི་བརྩེ་དུང་སྔར་བཞིན་གནས་ཏེ་རྒྱུན་ལྡན་དུ་ང་ཚོ་འབྲོག་པ་ཚོའི་འཚོ་ཆས་ཀྱང་སྒྲུབ་ཀྱིན་ཡོད་པ་བརྩམས་ཆོས་དག་ལས་མཐོང་གསལ་རེད།ཁོང་གིས་རང་གི་ཤ་དང་ཁྲག་གི་ཆ་ཤས་སུ་གྱུར་བའི་མཆན་གྱི་བུ་ཕྲུག་ཀྱང་ཉིད་ཀྱི་གམ་ནས་འཇོག་མ་ཕོད་པར།རང་ཉིད་ཕ་བུའི་བརྩེ་དུང་གི་མེ་དོང་དུ་ལྕེབས་ཏེ་བུ་ཆུང་རྒྱང་རིང་གི་བོད་ཡུལ་དུ་བསྐྱལ་ཏེ་ཐོག་མ་ནས་བོད་ཀྱི་བུ་རྒྱུད་རྣལ་མ་ཞིག་སྐྱེད་སྲིང་བྱེད་པར་རྨང་གཞི་བཏིང་།འདི་ཡང་ཤ་ཞེན་བག་ལ་ཐིམ་པའི་རིགས་ཞེན་སྟོབས་ཆེན་པོ་ཞིག་མེད་ན་སྒྲུབ་ནུས་པ་ཞིག་ག་ལ་ཡིན་ཨང་།
ཁོང་ནི་དི་འདྲའི་རིགས་ཞེན་ཅན་གྱི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད་རང་ཚུགས་རི་རྒྱལ་ལྷུན་པོ་ལས་ཀྱང་བརྟན་པའི་རྩོམ་པ་པོ་ཞིག་རེད།དེ་ནི་ང་ཚོ་མི་རེ་རེ་ལའང་ཡོད་དགོས་པའི་ནོར་བུ་ཞིག་ཡིན་པར་མ་ཟད།རྩོམ་པ་པོ་ཞིག་ལ་ལྷག་ཏུ་དགོས་པའི་དགོས་འདོད་ཀུན་འབྱུང་ལྟ་བུ་ཞིག་རེད།ལྷག་ཏུ་ང་ཚོ་ལྟ་བུའི་ཉག་ཕྲ་བའི་མི་རིགས་ཤིག་ལ་དེ་ལས་ཀྱང་མ་ཡོད་ཐུ་མེད་ཀྱི་ལག་ཆ་ཞིག་རེད།ཁོང་གིས་བརྩམས་ཆོས་སུ“ང་སྤྱིར་གཞུང་ལུགས་མང་པོ་བཤད་ཤེས་མཁན་ཞིག་མིན།བྷོ་ཨར་སི་ཇུའི་ལྟ་བ་ཞེས་བཤད་ཀྱང་ཁ་ཤས་ཤིག་ང་ཚོར་འཚམ་པའི་ངེས་པ་ཡང་མེད་དེ།ཁོ་ལ་ཁོ་ཡི་མི་ཚེ་ཞིག་དང་འཇིག་རྟེན་ཞིག་ཡོད་པས་མི་ཚེ་ཡི་མྱོང་རོལ་ལས་རྩོམ་རིག་གི་ལྟ་བ་ཞིག་གྲུབ་ཡོད་པ་དང་།ཁྱོད་ཀྱིས་དེའི་ལྟ་བ་ཁྱེར་ཡོང་ནས་ང་ཚོར་བསྡུར་ན་ངས་ཆུང་དུས་ནས་གེ་སར་གྱི་སྒྲུང་ལ་བལྟས་ཏེ་ནར་སོན་པ་ཡིན།བྷོ་ཨར་སི་ཇུས་བལྟས་མ་མྱོང་བས་བསམ་བློའི་རྨང་གཞི་མི་འདྲ་བ་རེད།”ཅེས་གསུངས་མྱོང་བའི་ཚིག་གི་ཟུར་ནས་ཀྱང་ཁོང་ནི་གྱང་ཁའི་རྩྭ་ལྟ་བུ་ཞིག་མིན་པར་ལེགས་ཉེས་ཀྱི་བློ་མིག་ཤིན་ཏུ་རྣོ་བའི་རྩོམ་པ་པོ་ཞིག་ཡིན་པ་གསལ་པོ་གོ་ཐུབ་པ་དང་།ཁོང་གིས་བརྩམས་ཆོས་དངོས་སུ་ཡང“རྩོམ་པ་པོ་ཞིག་ཡིན་ན་རང་ཚུགས་ཅན་ཞིག་དགོས”ཞེས་བཤད་མྱོང་ཡོད།
ད་དུང་ཁོང་གི་བརྩམས་ཆོས་ལ་གཞན་མེད་ཀྱི་ཁྱད་ཆོས་ལྷག་ཏུ་ལྡན་ཏེ་ཁོང་གི་བརྩམས་ཆོས་ཀྱི་རྗོད་བྱེད་ཚིག་ལ་སྙན་པའི་གདངས་དང་འཇམ་པའི་ཟོར་ལྡན་པར་མ་ཟད།ཀློག་པ་པོ་སུས་བཀླགས་ཀྱང་ཁ་ནས་བརྗོད་བདེ་བ་སྟེ་བོད་སྐད་རྣལ་མའི་གདངས་དང་འདྲེས་ཆེ་བ།བརྗོད་བྱ་དོན་ལ་འཁྲུལ་བ་མེད་ཅིང་བདེན་པའི་ཁུངས་བཙན་པ་དང་ལོ་རྒྱུས་རང་བཞིན་གྱི་དགེ་མཚན་ཐོན་པ།དཔེ་འགོད་ལུང་འདྲེན་གནད་དུ་ཁེལ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན།ད་དུང་ཁོང་གི་བརྩམས་ཆོས་ལས་ཁོང་ནི་སྤྲོ་སེམས་རིང་ལུགས་པ་ཞིག་ཕལ་ཆེར་མིན་ཏེ་སྐྱོ་སེམས་རིང་ལུགས་པ་ཞིག་ཡིན་པ་འདྲ་སྟེ།ཁོང་གི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ནས་ཡིན་ཡང་།མི་རིགས་ཀྱི་ལྟ་བའམ།མི་སྒེར་གྱི་ལྟ་བ།ལོ་རྒྱུས་ཀྱི་ལྟ་བ།སྤྱི་ཚོགས་ཀྱི་ལྟ་བ།ཚེ་སྲོག་གི་ལྟ་བ།རྩོམ་རིག་གི་ལྟ་བ་སོགས་ཀྱི་སེམས་ཁྲལ་གྱི་ཆ་དང་སྐྱོ་མནར་གྱི་ཆ་མང་པོ་མཐོང་གི་ཡོད་པ་འདྲ།
ཁོང་ཉིད་ལྷིང་འཇགས་དང་འུར་ཟིང་མེད་པའི་འཚོ་བ་ལ་ཤིན་ཏུ་དུང་བར་འདུག་སྟེ།ཁོང་གིས་ལྷིང་འཇགས་ཀྱི་ཁོར་ཡུག་ནས་ཧ་ཅང་ཁེར་རྐྱང་གིས་རང་ཉིད་ལ་འཆར་ཡན་དང་སྟོང་འདང་གི་ཁོར་ཡུག་བསྐྲུན་ཏེ་འཆར་ཡན་དང་སྟོང་འདང་ལས་རྩོམ་རིག་གི་མྱུ་གུ་འབུས་ཏེ་ཡལ་ག་རྒྱས་སུ་འཇུག་གིན་ཡོད།དེ་ལ་ཁོང་གི་འདི་ལྟར་གསུངས་ཡོད་དེ“སྤྱིར་རྩོམ་ཡིག་ནི་འཆར་ཡན་དང་སྟོང་འདང་ལས་བྱུང་བ་ཡིན་ཞིང་།འཆར་ཡན་དང་སྟོང་འདང་ནི་ཚེ་སྲོག་གི་ཁེར་རྐྱང་གི་འཚོ་བ་ལས་བྱུང་བ་ཡིན།”
ང་ཚོ་ཀློག་པ་པོ་ཞིག་ལ་མཚོན་ན་དཔེ་ཆ་དགའ་རེ་དང་རྩོམ་པ་པོ་དགའ་རེ་ལ་འཕྲད་པ་ནི་ཀུན་གྱི་རེ་བ་ཡིན་ལ།དེ་ལ་འཕྲད་ཐུབ་རྒྱུའང་སྟེས་དབང་ཞིག་མ་ཡིན་པར་སྔར་བྱས་ཀྱི་ལས་ཤིག་དང་འབྲེལ་བ་ཡོད་སྲིད།དེས་ན་ང་རང་ལྷ་བྱམས་རྒྱལ་ལྟ་བུའི་རྩོམ་པ་པོ་ཞིག་དང་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་ལྟ་བུའི་བརྩམས་ཆོས་ཤིག་ལ་འཕྲད་དེ་ང་རང་ལྷ་བྱམས་རྒྱལ་ལྟ་བུ་ཞིག་གི་ཀློག་པ་པོར་གྱུར་བ་ནི་ངའི་བསོད་ནམས་ཤིག་ཡིན་སྲིད།ཁོང་གིས་བརྩམས་ཆོས་སུ་ངའི་སྨྱུ་གུའི་རྩེ་མོ་ཤོག་དཀར་དུ་འབྲི་བའི་ཧྲག་སྒྲའམ་ངའི་མཛུབ་མོའི་སྟངས་སྟབས་གློག་ཀླད་ཀྱི་མཐེབ་གཞོང་དུ་གཏག་པའི་ཐག་སྒྲ་དེ།ལོ་དང་ཟླ་བའི་འཁོར་བསྐྱོད་ཁྲོད་ཀྱི་ངའི་ཚེ་སྲོག་གི་འགྱུར་ཁུགས་སུ་གྱུར་ཅིང་།ངའི་ཁེར་རྐྱང་གི་གླུ་དབྱངས་སུ་གྱུར།དེ་བས་ཀྱང་།ཁྱེད་ཅག་གི་རྩོམ་རིག་ཏུ་གྱུར།ཞེས་གསུངས་པའི་ཁྱེད་ཅག་གི་གྲལ་དུ་ད་ནི་ངའང་ཚུད་པས་ནང་སེམས་དགའ་སྤྲོས་མྱོས་ཡོད་དོ།།
“སྤྱིར་མི་ཞིག་གིས་འཚོ་བའི་ཁྲོད་དཔེ་ཀློག་གི་གོམས་སྲོལ་སྐྱོང་མིན་དེ་ནི་མི་སྒེར་གྱི་དོན་དག་ཅིག་ཏུ་མཐོང་སྲིད་ཀྱང་།ངས་མཐའ་གཅིག་ཏུ་དེ་ནི་མི་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་གོམས་སྲོལ་ཞིག་ཏུ་འདོད་བཞིན་ཡོད།དཔེ་ཀློག་ལ་དགའ་བ་དང་དཔེ་ཆའི་ནང་གི་མཐོང་ཐོས་མྱོང་གསུམ་སྦྲང་མས་མེ་ཏོག་གི་རྩི་བཅུད་གཞིབ་པ་ལྟར་རང་རྒྱུད་ལ་འགོ་བར་བྱེད་པ་ནི་མཛེས་སྡུག་ཡིད་དུ་འོང་བའི་ལས་ཀ་ཞིག་ཡིན་པར་ངེས་ཏེ།མི་གཅིག་གི་མི་ཚེ་ཟེར་བ་འདི་ཇི་ལྟར་རིང་རུང་མགོ་མཇུག་གི་ཚད་བཀག་ཅན་ཞིག་ཡིན་པས་དེ་རང་འདོད་དང་བསྟུན་ནས་རིང་དུ་གཏོང་ཐབས་བྲལ་ན་ཡང་།དེའི་ཞེང་ཚད་ཆེ་རུ་སྐྱེད་ཐུབ་པ་ནི་ངེས་གཏན་ཡིན་པས།དཔེ་ཀློག་གིས་དེ་ལྟ་བུའི་ཞེང་ཚད་སྐྱེད་པར་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་པ་ཡང་གདོན་མི་ཟ།”
༼ གཡེར་མ། ༽