སྔོ་ལྗང་གཡུ་ཡི་སྤང་ལྗོངས་སུ།།
རབ་མཛེས་མེ་ཏོག་ཅི་དགར་བཞད།།
ཟེ་འབྲུའི་ངད་པ་ཕྱོགས་སུ་ལྡང་།།
དབྱར་ཁའི་དཔལ་ཡོན་སྙིང་གི་བཅུད།།
ལང་ལོང་སྨུག་པ་འཕྱུར་བའི་ཁྲོད།།
རི་ཚོགས་བརྗིད་ཆགས་ཉམས་རེ་སྤྲོ།།
གསལ་བའི་ཉིན་བྱེད་གཞོན་ནུས་ཀྱང་།།
ཟླ་བའི་ཅོད་པན་ཐོགས་ཏེ་རྒྱུ།།
ཆུ་འཛིན་བུང་བ་གཡོ་བའི་ཤུལ།།
ཚོགས་དྲུག་སྒྱུ་མའི་འཇའ་ཚོན་ཕུབ།།
ལྷོ་མཐར་འཁྱིལ་བའི་མཚམས་སྤྲིན་ཡང་།།
སྣང་བའི་མཐའ་རུ་ཡང་ཡང་བཞེངས།།
རི་ཤོད་ཚང་ཚིང་ནགས་མའི་ཀློང་།།
ངག་གི་དཔལ་མོའི་གྲེ་འགྱུར་རྫོགས།།
བྱ་དང་བྱེའུ་ཚོགས་སུ་འཁོར།།
རྩེད་འཇོའི་རྨི་ལམ་བག་རེ་བྲོ།།
ལྗོན་པའི་ལོ་མ་ཐུར་དུ་དཔྱངས།།
ལང་ཚོའི་རྦབ་ཆུ་མདུན་དུ་རྒྱུག།
རྐང་དྲུག་གཤོག་གླུ་རྣ་བར་འཇེབས།།
ཁོ་མོའི་ནང་སེམས་དྭངས་ཤིང་སྤྲོ།།
གཙང་པོར་རེ་ཁ་བཀྲ་བའི་ཞིང་།།
ཁྲུང་ཁྲུང་གར་སྟབས་ངོམ་དང་ལྷན།།
དབྱངས་སུ་བསྟར་བའི་སྙན་ངག་ཏུ།།
དབྱར་ཟླ་འགོ་མའི་མཚར་སྡུག་བྲིས།།
གནས་འདི་ཞི་འཇགས་ཚུལ་དུ་མཆིས།།
བདག་ཀྱང་སོས་དལ་ངང་དུ་གནས།།
དེ་འདྲའི་དུས་ཀྱི་བར་སྟོང་རེར།།
འཁོར་བའི་ཐ་སྙད་འཁྲིས་སུ་སྤུངས།།
སྲོད་ཀྱི་ཉི་ཟེར་བསྡུ་བའི་ཚེ།།
ལས་ཀྱི་སྒོ་དར་རླུང་གིས་རྡེབ།།
དེ་ཚེ་བདག་གི་དྲན་རྟོག་ལ།།
མིང་ཚིག་བྱེ་བ་འབུམ་གྱིས་བསྐོར།།
རྒྱང་རིང་མུན་པ་ཚུར་ཚུར་བྱོ།།
ཟླ་བ་རྒྱ་མཚོའི་མངལ་དུ་ཞུགས།།
སྐར་ཚོགས་དག་ཀྱང་དགུ་ཚིགས་བར།།
འཚུབ་ཅིང་མི་ཁྱུ་གཉིད་དུ་ཡུར།།
འདི་ལྟར་དབྱར་ཟླ་ར་བའི་ཞིང་།།
བཏབ་པའི་ངག་རིག་ཕྲ་མོ་འདི།།
སྟོན་མཇུག་སྡོང་པོ་སྐྱོ་བའི་དུས།།
མིག་ཆུ་སེལ་བའི་གྲོགས་སུ་སྨོན།།
༼ འོད་འཛིན་མ། ༽