2025ལོའི་ཟླ་བ6པའི་ཚེས16ཉིན། ཁྲོན་ནུབ་མཐོ་སྒང་གི་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་རྡོ་མང་སྟེང་གྲོང་སྡེའི་ཡུལ་མི་ཚེ་རིང་རྡོ་རྗེའི་ཁྱིམ་དུ་སྤྲོ་དགའི་འདུ་ལོང་གིས་ཡོངས་སུ་ཁེངས་འདུག། གང་རེད་ཅེ་ན། རོང་བྲག་རྫོང་མདའ་མདོ་ཡུལ་ཤོག་གདོང་གྲོང་སྡེའི་འཕྲིན་ལས་འོད་ཟེར་ཚང་གི་ཁྱིམ་མི་ཚོ་ཉེ་འཕྲད་ལ་ཡོང་བའི་ཉིན་མོ་རེད། དེ་ནི་ལོ70ལ་རེ་སྒུག་བྱས་པའི་གཉེན་ཉེ་ལྷན་འཛོམས་ཀྱི་དུས་བཟང་ཡིན་ལ། ཁོ་ཚོའི་འདས་གྲོངས་སུ་སོང་བའི་དམག་མི་རྒན་རབས་པ་ཀུན་དགའི་ཁ་ཆེམས་ཡོངས་སུ་གྲུབ་པའི་དུས་ཁྱད་པར་བ་ཡང་ཡིན། སྲིད་ན་དཀོན་པའི་གཉེན་ཉེ་ལྷན་འཛོམས་དེ་འདྲ་ཞིག་བྱུང་ཐུབ་པ་ལ་ཡང་རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ། དེ་ནི་ལས་ཀྱི་ཆེད་དུ་བསྐོས་པ་ལྟ་བུའི་གྲོང་སྡེར་བཅའ་སྡོད་ལས་བྱེད་པ་ཆོས་དབྱིངས་ནོར་བུས2023ལོའི་ཟླ་བ10པའི་ཚེས19ཉིན་ནས་གཉེན་ཉེ་འཚོལ་འགན་ཕྲག་ཏུ་བཞེས་པ་ནས་ཉིན་ཞག400ལྷག་བརྒྱུད་ཅིང་མི300ལྷག་ལ་འདྲི་རྩད་དང་། ལམ་ཐག་ལེ་དབར1000ལྷག་བརྒྱུད་དེ་དཀའ་ལས་བརྒྱབ་མཐར་དུས་ཡུན་ལོ70ལྷག་རེ་སྒུག་གི་ཁྲོད་དུ་གནས་པའི་ཁྱིམ་རྒྱུད་གཅིག་གི་མི་རབས་གསུམ་གྱི་གཉེན་ཉེ་ལྷན་འཛོམས་ཐུབ་པའི་དམངས་ཕན་བྱ་བ་འདི་གྲ་འགྲིག་ཕུན་སུམ་ཚོགས་པ་བྱུང་བ་རེད།
ཆོས་དབྱིངས་ནོར་བུས་ཡུལ་དུས་ཀྱིས་བར་དུ་ཡུན་རིང་བཅད་པའི་ཁྲག་དང་རུས་པ་འབྲེལ་བའི་དམངས་ཕན་གཉེན་འཚོལ་གྱི་ལམ་བུར་ཕྱིར་དྲིན་ཞིག་བྱས་ན། དེ་ནི་དཀའ་བའི་ལས་བྱས་པའི་འབྲས་བུ་ཐོན་པ་ཡིན་པས་དུས་ཚོད་སྐར་ཆ་རེ་ལ་ཡང་རིན་ཐང་དང་ལྡན་པ་ཞིག་རེད་ཅེས་བཤད་པ་རེད།
གཏམ་རྒྱུད་དེ་འགོ་ནས་བཤད་ན། 2023ལོའི་ཟླ་བ9པར་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཆོས་དབྱིངས་ནོར་བུ་དཀར་མཛེས་ཁུལ་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་རྡོ་མང་སྟེང་གྲོང་སྡེར་བཅའ་སྡོད་ལས་དོན་སྒྲུབ་ཏུ་བསྐྱོད།
2023ལོའི་ཟླ་བ10པའི་ཚེས19ཉིན། ཆོས་དབྱིངས་ནོར་བུས་འཁོར་ལོ་མདོ་ཡུལ་ཤོག་གི་ལས་བྱེད་པ་ཡེ་ཤེས་བཟང་པོར་ལས་དོན་སྐོར་གྱི་སྙན་སེང་ཞུ་སྐབས། རོང་བྲག་རྫོང་མདའ་མདོ་གྲོང་རྡལ་གདོང་གྲོང་སྡེའི་ཡུལ་མི་འཕྲིན་ལས་འོད་ཟེར་གྱིས་འདས་གྲོངས་སུ་སོང་བའི་སྤོ་བོ་ལགས་ཀྱི་ཁ་ཆེམས་ལྟར་སྡེ་དགེ་རྫོང་དུ་ལོ་མང་ཁ་ཐོར་སོང་བའི་གཉེན་ཉེ་འཚོལ་བཞིན་ཡོད་པ་ཐོས་པས་ལྷག་བསམ་རྣམ་པར་དཀར་བའི་ཁོས་བྲེལ་འཚུབ་ངང་རྙེད་བྱུང་ངམ་ཞེས་དྲིས་པར། ཡེ་ཤེས་བཟང་པོས་ཁག་པོ་རེད། སྡེ་དགེ་རྫོང་གི་མ་ཎི་གད་འགོའི་ཉེ་འགྲམ་གྱི་མི་ཡིན་པ་དང་མིང་ལ་ཀུན་དགའ་ཟེར་ཞིང་། 1955ལོར་དམག་ཏུ་ཞུགས་པ་དང་། ད་ལྟ་ལོ70ལྷག་སོང་འདུག། ས་ཁོངས་ཀྱི་འགྱུར་ལྡོག་དེ་འདྲ་ཆེ་བས་ཅི་འདྲ་བཙལ་དགོས་རེད་ཡ་ཞེས་ལན་བཏབ། ཆོས་དབྱིངས་ནོར་བུས་གསར་བརྗེའི་དམག་མི་རྣམས་ཀྱིས་རྒྱལ་སྲུང་གི་ཆེད་དུ་བྱས་རྗེས་བླ་མེད་བཞག་ཡོད་པས་ང་ཚོས་ཀྱང་དམག་མི་རྒན་གྲས་ཁོང་གི་རེ་བ་འགྲུབ་ཐབས་བྱ་དགོས། མི་མང་ན་སྟོབས་ཤུགས་ཆེ་ཟེར་བ་ལྟར་ངེད་ཀྱང་བཙལ་རོགས་བྱེད་ཆོག་ཅེས་མ་བསྐུལ་དང་བླངས་ངང་ལས་དོན་དེ་ཕྲག་ཏུ་བླངས་པ་རེད།
ཆོས་དབྱིངས་ནོར་བུས་འཕྲལ་མར་འཕྲིན་ལས་འོད་ཟེར་ལ་འབྲེལ་གཏུགས་བྱས་ཤིང་། ཁ་པར་ནས་འཕྲིན་ལས་འོད་ཟེར་གྱིས་ཡིད་ཆད་ཅིང་བློ་ཕམ་པའི་ངང2002ལོར་སྤོ་བོས་ཚེ་མཇུག་ཏུ་ངའི་ཨ་མའི་མིང་སྲིང་འགའ་བོས་ནས་ཁོང་གི་གཉེན་ཉེ་བཙལ་རོགས་ཞེས་ཁ་ཆེམས་བཞག་ཀྱང་ང་ཚོ་སེམས་སྡུག་དགོས་པ་ཞིག་ལ་མི་ལོ20ལྷག་ལ་བཙལ་ཀྱང་མ་རྙེད་ཅེས་བཤད། ཆོས་དབྱིངས་ནོར་བུས་ཤ་ཉེ། བློ་ཕམ་དགོས་མ་རེད། ཁྱེད་ཀྱི་སྤོ་བོ་དེ་སྡེ་དགེའི་མི་ཡིན་པ་གོ་ན་ངས་སྡེ་དགེ་རྫོང་ཁོངས་མ་ལུས་པ་མྱུལ་དགོས་ཐུག་ཀྱང་ཁྱོད་ཀྱི་ཉེ་བ་རྙེད་ཐུབ་པ་བྱ་ཆོག་ཅེས་སེམས་གསོ་དང་དམ་བཅའ་སྦྲེལ་མའི་ལན་ཞིག་བཏབ་པ་བཞིན་ལག་ལེན་གསེར་ཐིགས་སུ་བསྟར་འགོ་བརྩམས།
བཙལ་བྱའི་མིང་ལ་ཀུན་དགའ་དང་སྤྱི་ལོ1955ལོར་དམག་ཏུ་ཞུགས་པ། མ་ཎི་གད་འགོའི་ཉེ་འཁོར་ཞེས་པ་ལས་གཞན་ཆ་འཕྲིན་གང་ཡང་མེད་པས་མ་ཎི་གད་འགོ་གྲོང་རྡལ་མཐའ་འཁོར་གྱི་ཡུལ་ཤོག་དང་གྲོང་རྡལ་བཅུ་ཕྲག་ལྷག་གི་ཡུལ་གྲུ་ཀུན་ཏུ་བཙལ་དགོས་ན་མུན་ནག་ཁབ་འཚོལ་དང་འདྲ།
ཆོས་དབྱིངས་ནོར་བུས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་མཐར་ཐོག་མར་སྡེ་དགེ་རྫོང་གི་ལོ་རྒྱུས་ཡིག་ཚགས་ཁང་དུ་སོང་ནས་དཔྱད་གཞིའི་ཡིག་ཆ་གང་མང་བཙལ་ཀྱང་ངལ་བ་འབྲས་མེད་དུ་གྱུར།
ཡིན་ནའང་དམ་པ་ཁས་འཆེས་མང་པོ་མི་བྱ་ཞིང་།། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ།། ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ།། ཞེས་པ་ལྟར་ཁོང་གིས་ལས་དོན་གྱི་ཞོར་དུ་ཁོམ་པ་ཡོད་ཕྱིན་མ་ཎི་གད་འགོའི་ཉེ་འགྲམ་ནས་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ་ས་ལ་རྐང་པ་སྤོས་ཏེ་འདྲི་རུ་སོང་། རི་ལུང་ཐང་གསུམ་འཕྲེད་ཀྱིས་བཅད་དེ་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་དང་། ལ་མཐོན་པོ་གྲུ་གུ་སྒྲིལ་སྒྲིལ་བྱས། ཁ་ཆར་བུ་ཡུག་གདོང་གིས་བསུས་ཏེ་མི300ལྷག་ལ་ངོ་དང་ངོ་ཐུག་ནས་འདྲི་རྩད་དང་། ལམ་ཐག་ལེ་དབར1000ལྷག་སོང་ཞིང་། མི་སྟོང་ལ་ཁ་པར་ནས་འབྲེལ་བ་བྱས་ཏེ་གཉེན་འཚོལ་གྱི་ལམ་དུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས།
ས་མིང་འབོད་སྟངས་ཤིག་གི་ཁྱད་པར་ལས།།
རེ་བའི་མུན་པ་སྐད་ཅིག་ཉིད་ལ་སངས།།
ཉིན་ཞག400རིང་གི་དཀའ་སྡུག་གི་རྡོག་པ་ལ་དགུ་ལུང་དགུར་བཞག་ཅིང་ལྟོགས་པས་མནར་བ་ཁྱད་དུ་བསད། རྔུལ་ནག་འཐོར་བ་དང་དུ་བླངས་ཤིང་རེ་བའི་ས་བོན་འབུས་ལ་ཉེ་བའི་དུས་མང་པོ་སེར་སད་ཀྱིས་ཡང་ཡང་བཅོམ་ཀྱང་ཆོས་དབྱིངས་ནོར་བུ་བློ་ཕམ་ཡིད་ཆད་མེད་པར་སྔར་བཞིན་གཉེན་འཚོལ་གྱི་ལམ་དུ་ཞུམ་པ་མེད་པར་བཞུད། དེ་དང་ཆབས་ཅིག་རོང་བྲག་ཕྱོགས་ཀྱི་འཕྲིན་ལས་འོད་ཟེར་གྱིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་བྱས་མཐར་གཞན་གྱིས་དྲན་སྐུལ་ལྟར་སྤོ་བོ་ཀུན་དགའ་ལས་འཁྱུར་ངལ་གསོ་བྱེད་སའི་ལས་ཁུངས་ཏེ། རོང་བྲག་རྫོང་ནགས་ལས་ཅུས་སུ་ཆ་འཕྲིན་འཚོལ་ཞིབ་ཏུ་སོང་ནས་དཔྱད་གཞིའི་རྒྱུ་ཆ་གང་མང་མང་ཞིག་བསློགས་མཐར་ཁུངས་སྣེ་གལ་ཆེ་ཞིག་རྙེད་པ་སྟེ། 1958ལོར《དམག་ཁུངས་ནས་འཐེན་པའི་འཛུགས་སྐྲུན་དམག་མིའི་ཐོ་འགོད་རེའུ་མིག》ལས་སྤོ་བོ་ཀུན་དགའ་དམག་ཁུངས་ནས་ཕྱིར་ལོག་པའི་དུས་ཚོད་རྙེད་པས་མ་ཚད་ད་དུང1955ལོར་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་གི་ཚོ་པ་ཞེས་པའི་ས་གནས་དེར་དམག་ཏུ་ཞུགས་པའི་ཆ་འཕྲིན་རྙེད། དེ་མུར་གཏམ་བཟང་དེར་ཆོས་དབྱིངས་ནོར་བུ་ལ་བསྐུར།
ཚོ་པ་ཞེས་པའི་ཁུངས་སྣེ་དེ་བརྒྱུད་ནས་འཁོར་ལོ་མདོའི་ཕོ་མོ་རྒན་གཞོན་ཀུན་ལ་དྲིས་ཀྱང་གོ་མཁན་མ་རྙེད། 2024ལོའི་ཟླ་བ12པའི་ཚེས24ཉིན། ཆོས་དབྱིངས་ནོར་བུ་དང་རྡོ་མང་སྟེང་གྲོང་སྡེའི་དེ་སྔོན་གྱི་ཀྲི་པུའུ་ཧྲུའུ་ཅི་སྟེ་ལས་འཁྱུར་ངལ་གསོ་བ་སངས་ཚེ་དང་ཁ་བརྡ་བྱེད་དུས་ཞོར་ལ་དེ་སྐོར་ལབ་གླེང་བྱུང་ཞིང་། སངས་ཚེས་ངའི་རྣ་ཚོར་ལྟར་ན་འཁོར་ལོ་མདོ་ལ་ཚོ་པ་ཞེས་པའི་ས་ཆ་ཞིག་
ཤ་ཁྲག་གཅིག་ལས་མཆེད་པའི་གཉེན་ཉེ་ཡི།། རྩ་རྒྱུད་མཉམ་འཛོམས་གཏམ་སྙན་ས་སྟེང་བཞག།
མེད་ཀྱང་རྡོ་མང་སྟེང་དེ་སྔོན་ཚོ་པ་ཞེས་འབོད་སྲོལ་ཡོད་ཅེས་བཤད་པས། ཆོས་དབྱིངས་ནོར་བུས་གཏམ་དེ་ཐོས་མ་ཐག་བྱ་ཁུ་བྱུག་གིས་གནམ་ཆུ་བསྒུགས་ནས་བབས་པ་ལྟར་དགའ་སྤྲོ་དཔག་མེད་སྐྱེས།དེ་ནས་མི་རྒན་སངས་ཚེ་དང་ལྷན་དུ་ལོ82ལ་སོན་པའི་གྲོང་སྡེའི་དེའི་སྔོན་གྱི་རྩིས་གཉེར་པ་ཡ་མ་སར་ཐོན། ཁོ་ཚོ་གསུམ་པོས་དབྱེ་ཞིབ་རགས་ཙམ་བྱས་རྗེས་སླར་ཡང་མི་བགྲེས་སོང་ལྔ་ལ་དྲིས་མཐར་ཚང་མའི་དྲན་ཤེས་ཀྱི་གཏད་ཡུལ་ནི་ད་ལྟའི་རྡོ་མང་སྟེང་གི་བསོད་ནམས་དཔལ་སྒྲོལ་ཚང་གི་དུས་ཡུན་རིང་པོར་ཁ་ཐོར་བའི་གཅེན་པོ་ཡིན་པ་ཐག་བཅད་དེ་དེ་ཚང་ལ་སོང་། དེ་ནས་བསོད་ནམས་དཔལ་སྒྲོལ་གྱི་བུ་ཚེ་རིང་རྡོ་རྗེ་ལ་ཁྱོད་ཚང་ལ་དམག་ཏུ་ཞུགས་པའི་མིང་ལ་ཀུན་དགའ་ཞེས་པའི་རྒན་པ་ཞིག་ཡོད་པ་ཨེ་རེད་ཅེས་འདྲི་མ་ཐག་ཁོའི་མིག་ནས་མཆི་མ་ཤག་ཤག་ཏུ་ཉིལ་ནས། ཀུན་དགའ་ངའི་ཨ་ཞང་རེད། ཨ་མའི་ཁྱིམ་ལ་མིང་སྲིང་ལྔ་ཡོད། ཨ་ཞང་ཀུན་དགའ་ཨང་གསུམ་པ་དེ་རེད། དམག་ལ་ཞུགས་རྗེས་གོ་མེད་ཚོར་མེད་དུ་ཕྱིན་ཡོད། ད་ལྟར་རྒན་པ་རྣམས་འདས་ཟིན་ཀྱང་ཨ་མ་མ་འདས་གོང་ཨ་ཞང་གི་གནས་ཚུལ་འདྲ་གོ་རྒྱུ་ཨེ་ཡོད་ལྟོས་ཞེས་ཟེར་མྱོང་། ང་ཚོས་དུས་ཡུན་རིང་པོར་གང་སར་བཙལ་ཀྱང་གོ་ཐོས་སྤུ་ཙམ་ཡང་མ་བྱུང་བས་དམག་ཏུ་འདས་གྲོངས་སུ་སོང་ཡོད་ཤག་རེད་སྙམ་ཏེ་སེམས་ཕམ་ཡིད་ཆད་དེ་བཙལ་མཚམས་བཞག་པ་ཡིན་ཞེས་བཤད་པ་རེད།
དེ་ནས་ཆོས་དབྱིངས་ནོར་བུས་ལམ་སང་འཕྲིན་ལས་འོད་ཟེར་ལ་ཁ་པར་བཏང་ནས་ཤ་ཉེ། རྙེད་བྱུང་། རྙེད་བྱུང་། ངས་ཁྱོད་ཀྱི་གཉེན་ཉེ་རྙེད་བྱུང་ཞེས་ཟེར་བ་དང་། འཕྲིན་ལས་འོད་ཟེར་ཅུང་ཙམ་ལ་ཧད་དེ་ལུས་ཤིང་། དེ་ནས་ཁ་དྲོ་ལོ་བརྒྱ། བཀའ་དྲིན་ཆེ་ཐལ། སྤོ་བོའི་རེ་འདུན་གྲུབ་སོང་ཞེས་ལན་བསློགས་རྗེས་དགའ་གདུང་སྐྱོ་གསུམ་འདྲེས་པའི་མིག་ཆུ་ཁོའི་འགྲམ་ངོགས་ནས་ཡུན་རིང་ཉིལ་ལོ།།
དེ་ནས་ཚེ་རིང་རྡོ་རྗེས་གཉེན་ཉེ་རྣམས་བོས་ཏེ་འཕྲིན་ལས་འོད་ཟེར་ལ་ཁ་པར་ནས་གཟུགས་ལམ་སྦྲེལ་ཏེ་མི་ལོ་བདུན་ཅུར་དྲན་གདུང་གི་ཁྲོད་དུ་གནས་པའི་གཉེན་ཉེ་རྣམས་ཐོག་མར་ངོ་འཕྲད་སྟབས་དགའ་བས་སྐད་འགག་ཅིང་སྤྲོ་བས་མིག་ཆུ་འབྱིད་ཞོར་ཕན་ཚུན་གྱི་གནས་ཚུལ་རྒྱུས་ལོན་གང་ཐུབ་བྱས། མཐར2025ལོའི་ཟླ་བ6པའི་ཚེས16ཉིན། འཕྲིན་ལས་འོད་ཟེར་གྱི་ཁྱིམ་མི་འཁོར་བཅས་ཁྲིད་དེ་སྡེ་དགེ་ཚེ་རིང་རྡོ་རྗེའི་ཁྱིམ་དུ་ཉེ་འཕྲད་ལ་བསྐྱོད། དེ་ཉིན་ནི་ཅི་འདྲའི་བརྗེད་དཀའ་བའི་ཉིན་མོ་ཞིག་རེད་ཨང་། དགའ་སྐྱིད་འཛོམས་པའི་དུས་བཟང་དེར་ཁོ་ཚོས་ཆོས་དབྱིངས་ནོར་བུ་ཡང་གཉེན་ཉེའི་ཡ་གྱལ་དུ་བརྩིས་ཏེ་ཁྱིམ་དུ་གདན་དྲངས་ནས་ཁ་དར་དཀར་པོ་དགུང་ལ་བཏེགས། མེ་ཏོག་སྣ་མང་གནམ་ལ་གཏོར་ནས་བཀའ་དྲིན་ཞུས་པར་མ་ཟད། ལས་བྱེད་མང་ཚོགས་བརྩེ་སེམས་མཚོ་ལས་ཟབ།། དམངས་ཀྱི་བྱ་བ་ཆེ་ཕྲ་མཐའ་དག་སྒྲུབ།། ལེ་དབར་སྟོང་བརྒལ་གཉེན་ཉེ་བཙལ་ནས་རྙེད།། ལྷག་བསམ་དཀར་པོས་དམངས་སེམས་དྲོད་ཀྱིས་བསྐྱངས།། ཞེས་པའི་གཟེངས་དར་ཡང་ཕུལ་བ་རེད།
ཆོས་དབྱིངས་ནོར་བུས་ང་ནི་མང་ཚོགས་ཀྱི་ཞབས་འདེགས་པ་ཡིན་ལ་གཞི་རིམ་མང་ཚོགས་ཀྱི་ཆེས་སྙིང་ཉེ་བའི་མི་ཡིན་པས་མང་ཚོགས་ཀྱི་དཀའ་ཉེན་སེམས་ཁྲལ་ཆེ་ཕྲ་རང་ནུས་གང་ཡོད་ཀྱིས་བསལ་ཐུབ་སོང་ན་དེ་ལས་བློ་བདེ་བག་ཕེབས་པོ་མི་འདུག་ཅེས་བཤད། གཞི་རིམ་ལས་བྱེད་པས་མི་དམངས་གཙིགས་སུ་འཛིན་པའི་འདུ་ཤེས་མིག་མཐོང་ལག་ཟིན་གྱི་ལག་ལེན་དུ་བསྒྱུར་བ་ན་གཞི་རིམ་བཅོས་སྐྱོང་གི་དྲོད་ཚད་དང་ཟབ་ཚད་ཀྱང་ཆེས་ཆེར་འཕར་རོ།།
( མིག་དམར་དོན་གྲུབ་ཀྱིས་བྲིས།)
ཉིན་ཞག་བཞི་བརྒྱར་ལེ་དབར་སྟོང་ལ་བསྐྱོད།། དམངས་དོན་སྒྲུབ་ལ་སྐྱོ་ངལ་ནམ་ཡང་མེད།།
གྲོང་སྡེར་བཅའ་སྡོད་ལས་བྱེད་པ་ཆོས་དབྱིངས་ནོར་བུས་ལོ70ལ་ཡུལ་དུས་ཀྱིས་
བཅད་པའི་གཉེན་ཉེ་འཚོལ་རོགས་བྱེད་པའི་གཏམ་རྒྱུད།