国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ལག་རྗེས་ཞེས་པའི་ཚན་པ་ ལས་འབྲས་བུ་གཡུར་ཟ་བའི་སོ་ནམ་གྱི་རིམ་པ།

ཧོར་ཁོག་ཟླ་བཟང་།

ཞིང་པ་རྣམས་ཀྱིས་སྟོན་ཀར་གྲོ་ནས་རྔ་བ་དང་། སྲན་མ་འབལ་བ། ལོ་ཏོག་ཁྱིམ་དུ་སྐྱ་བ། ཞིང་དུ་ཐིམ་བུ་འཐུ་པ། ཁྱིམ་དུ་གཡུལ་ཁར་ཕྱར་རྡུང་བྱེད་པ་བཅས་ནི་ལོ་གཅིག་ལ་དཀའ་སྤྱོད་འབད་བརྩོན་བྱས་ཏེ་ལོ་ལེགས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་བསགས་པ་ལས་འབྲས་བུ་གཡུར་ཟ་བར་སྡུད་པའི་སོ་ནམ་གྱི་རིམ་པ་ཡིན། རིམ་པ་དེ་དག་ནི་འབྲས་བུ་སྨིན་ལེགས་པར་མ་རྫོགས་པ་རྣམས་ལེགས་པར་རྫོགས་པ་དང་སྨིན་རྫོགས་པ་རྣམས་ཆུད་ཟོས་སུ་མི་འགྲོ་བ་དང་འབྲེལ་བ་ཆེན་པོ་ཡོད་པས་སྔོན་གྱི་ཞིང་པ་ཚོས་མེས་པོས་ལོ་ངོ་སྟོང་གི་ཉམས་མྱོང་ལས་བསགས་པའི་ལུགས་སྲོལ་གྱི་ཆོ་ག་ལྟར་ཤིན་ཏུ་ཞིབ་ཅིང་ཕྲ་ལ་ནན་གྱིས་བྱེད་པ་ཡིན་ནོ།།

དེ་ཡང་འདིའི་ཞིང་པ་ཚོས་སྟོན་དུས་ཞིང་དུ་སྨིན་ལེགས་པར་རྫོགས་པའི་ལོ་ཏོག་བཙས་མ་བརྔ་བ་ལ་སྟོན་ཐོག་ལེན་ནམ་སྟོན་ཁ་ལེན་ཟེར། སྟོན་ཐོག་མ་ལེན་གོང་ལ་ཐོག་ཕུད་མཆོད་དང་ལོ་ཕུད་མཆོད་ཅེས་དུད་ཚང་སོ་སོས་རང་གི་ཞིང་ཁ་སོ་སོ་ནས་གྲོ་ནས་སྲན་གསུམ་ཉུང་ངུ་རེ་འབལ་ནས་བསང་རྫས་དང་མཉམ་དུ་བསྲེགས་ཏེ་དཀོན་མཆོག་དང་ལྷ་ཀླུ་གཞི་བདག་སོགས་ལ་བསང་མཆོད་ཕུལ་ལ། ཐོག་ཕུད་མཆོད་པའི་དུས་ཚོད་ནི་ས་ཆ་སོ་སོའི་ལོ་ཏོག་སྨིན་མགོ་སྔ་ཕྱི་མི་འདྲ་བ་དང་ས་ཆ་གཅིག་ལའང་ལོ་མགོ་སྔ་ཕྱིར་འབྲས་བུ་སྨིན་དལ་མགྱོགས་མི་གཅིག་པས་ལོ་སར་དུས་ཆེན་བཞིན་དུ་དུས་གཅིག་ལ་གཏན་འཁེལ་བྱེད་ཐབས་མེད་སྟབས་ཉ་སྟོང་བརྒྱད་སོགས་སྐལ་བཟང་དུས་བཟང་ཞིག་ལ་བརྟེན་ཞིང་སྟག་ཟླ་བདུན་པའི་ཚེས་བཅོ་ལྔར་ཨེ་འཕྲད་བྱེད་མཁན་ཡང་མི་ཉུང་བ་ཡོད། དེ་ནི་ཞིང་པ་ཚོས་སྟོན་ཀའི་ལས་ཀ་འགོ་བཙུགས་པའི་མཛོད་སྒོ་དང་འབྲས་བུ་ལོ་ལེགས་ཡོང་བའི་རྟེན་འབྲེལ་གྱི་ཆོ་ག་ཡིན་པས་དུད་ཚང་སོ་སོས་ངེས་པར་དུ་བྱེད་པའི་བྱ་བ་ཞིག་སྟེ། ཡུལ་སྟོད་སྨད་ཀུན་ན་དེའི་གཤོ་ལམ་ཆགས་ཡོད། སྔོན་ཆད་མིས་ལག་པས་བརྔ་དགོས་པས་སྟོན་ཁ་ལེན་པ་ནི་ཞིང་ལས་སོ་ནམ་གྱི་ལས་ཀ་ཀུན་ལས་ཛ་དྲག་ཆེ་ཤོས་དང་། བྲེལ་འཚུབ་ཆེ་ཤོས། ངལ་བ་ཆེ་ཤོས། དཀའ་སྡུག་གིས་མི་ལུས་གདིང་ཤ་གཅད་ཆེ་ཤོས་དེ་ཡིན་པས་མི་རྣམས་ཀྱིས་སྟོན་ཁའི་རྣམ་པར་མེ་འབར་འབར་དང་ཆུ་འཁོལ་འཁོལ་ལྟ་བུའི་དཔེས་མཚོན་ཞིང་། རྒྱུན་གྱི་བྱ་བ་གང་ཞིག་བྲེལ་འཚུབ་དེ་ལས་ཆེ་ཚུལ་མེད་པར་བསྟན་པ་ལ་སྟོན་ཁ་ཤར་བ་ཇི་བཞིན་ཞེས་སྟོན་ཁ་ལེན་པ་དཔེ་དྲངས་ནས་བརྗོད་སྲོལ་ཡོད། སྟོན་ཀའི་དུས་སུ་རྒན་རྒོན་ཡར་དང་བྱིས་པ་མར་ཞེས་ལོགས་སུ་དགར་བ་མེད་པར་ཁྱིམ་མི་ཡོངས་རྫོགས་རང་རང་སོ་སོའི་ནུས་མཐུ་དང་བསྟུན་པའི་ཐོབ་སྐལ་གྱི་ལས་ལ་བྲེལ་བ་སྟེ།

ཞོགས་པར་སྐྱ་རེངས་མ་ཤར་གོང་ནས་འགུལ་འཁྱོག་ཐུབ་པ་ཞིག་ཡིན་ཕྱིན་ཚང་མ་མལ་ལས་ལངས་ནས་ཉིན་གཅིག་གི་ཟིང་ཆའི་འགོ་བཙུགས། ངལ་རྩོལ་བྱེད་ནུས་པ་ཐམས་ཅད་ཞིང་ནང་དུ་ཆས་ཤིང་སྟོན་ཐོག་ལེན་མི་ནུས་པའི་རྒན་རྒོན་དང་བྱིས་པ་ཆུང་ཆུང་རྣམས་ཀྱིས་རྟ་ཟོག་རི་ལ་བརྟོད་པ་དང་། ཕག་ཧུབ་ཁྱི་ཧུབ་བླུད་པ། གཙང་སྦྲ་ཕྱགས་དར་བྱེད་པ། ཆུ་འཁུར་བ། ཟས་གཡོ་བ་སོགས་ཁྱིམ་གྱི་བྱ་བ་ཙག་ཙིག་རྣམས་བསྒྲུབ་དགོས་པ་ཡིན། སྟོན་ཐོག་ལེན་མཁན་ཚོ་ཉིན་ཧྲིལ་བོར་སྐེད་པ་བསྒུར་ཞིང་ལག་པ་འགུལ་དགོས་པས་སྐེད་པ་དང་ལག་པ་རྐང་པ་སོགས་ཤ་རྒོད་ལོག་ཅིང་ལུས་ལ་གཟེར་ཟུག་ལངས་པ་དང་། ཉི་མ་ཚ་དུས་ཤ་རྡོག་ཆུ་ཁོལ་དུ་འཕངས་པ་བཞིན་རྔུལ་ཆུས་སྲེག་ཅིང་གདོང་གི་མིག་བགྲད་མི་ཐུབ་ལ། ཆར་པ་འབབ་དུས་འདབ་ཆགས་མཚོ་ནང་དུ་ལྷུང་བ་ལྟར་ལུས་ཆུ་ཙ་ར་ར་རྐང་ལག་གོས་རླན་གྱིས་དཀྲིས་ཏེ་འགུལ་མི་ཐུབ་པར་འགྱུར་ཡང་མགོ་སྐྲ་མེར་འབར་བ་བཞིན་དུ་ཤུགས་ཡོད་དགུ་བཏོན་ནས་བྲེལ་བ་ལས་ལས་ཀ་མཚམས་འཇོག་བྱེད་ཁོམ་མེད་སྟབས། ཞིང་པ་ཚོས་སྟོན་ཆུ་མགོ་འདར་དང་བྱིས་པ་སྐྱེ་ལོང་མེད་ཅིང་མི་རྒན་འཆི་ལོང་མེད་པའི་སྟོན་ཁ་ཞེས་སོགས་ཟེར་སྲོལ་ཡོད། དེ་ལྟ་ན་ཡང་མི་ཚོས་ངལ་བའི་སྣང་བ་མེད་པར་ག་ས་ག་ལ་གླུ་ལ་གཞས་ཤགས་མགུར་མོ་རྣམས་རྔ་གླུའི་རྟར་དྲངས་ཏེ་གྱེར་མཚམས་མི་ཆད་པས་ས་གཞི་ཐམས་ཅད་ཧྲིལ་གཅིག་ཏུ་གླུའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར། ཁྱིམ་ལ་འདུག་མཁན་མེད་ན་བུད་མེད་ཅིག་ཉི་མ་ཡལ་ཁར་ཁྱིམ་དུ་སྔོན་ལ་ལོག་ནས་ནུབ་ཇ་བསྐོལ་བ་དང་བཞོན་མ་བཞོ་བ་སོགས་བྱ་དགོས་ཤིང་། གཞན་པ་རྣམས་སྨག་རུམ་མ་འཐིབས་བར་དུ་ལས་མཚམས་མི་འཇོག་ལ། སྟོན་ཟླ་གསལ་བ་དང་འཕྲད་ན་ཟླ་འོད་འོག་ཏུ་མཚན་རྔ་བྱེད་མཁན་ཡང་མི་ཉུང་བ་ཡོད། སྔ་མ་སྔ་མས་ཕྱི་མ་ཕྱི་མར་རོགས་བྱེད་པ་ནི་ཕལ་ཆེར་ལས་ཀ་གཞན་རྣམས་དང་མཚུངས་པ་ཡིན།

སྟོན་ཀའི་དུས་ནི་ལོ་འཁོར་གཅིག་ཏུ་སོ་ནམ་བྱས་པའི་ལོ་ཏོག་ལ་འབྲས་བུ་གཡུར་དུ་ཟ་བར་རྒྱས་པར་ཤིན་ཏུ་འགག་རྩ་ཅན་དང་གལ་ཆེ་བ་ཞིག་ཡིན། ངག་རྒྱུན་དུ་དབྱར་ཟླ་རེ་ལས་སྟོན་ཞག་རེ་ཞེས་སྟོན་གྱི་ཉིན་ཞག་གཅིག་ལ་འབྲས་བུ་སྨིན་པའི་ཚད་ནི་དབྱར་ཀའི་ཟླ་བ་གཅིག་གི་སྨིན་ཚད་ལས་མང་ཞིང་མྱུར་བར་བརྗོད་ཅིང་། ཧ་ཅང་སྨིན་བཞིན་པའི་སྒང་ལ་ཞིང་ཆེན་པོའི་འགོ་ནས་མཇུག་ཏུ་བརྔས་པའི་ཚེ་ལའང་རྔ་ཕྱི་མ་རྣམས་སྔ་མ་ལས་སྨིན་བཟང་བར་འགྱུར་པར་བཤད། དེ་བས་རྔ་བའི་མཐིལ་ལ་འཁེལ་པར་རྔ་བ་ནི་ཤིན་ཏུ་གལ་ཆེ་བ་ཞིག་སྟེ། གལ་ཏེ་ལེན་སྔ་དྲགས་ན་ལོ་ཏོག་གི་འབྲས་བུ་ལ་འབྲུ་རྡོག་ཆུང་བ། སྨིན་མ་ཐུབ་པ། སྤུས་ཀ་ཞན་པ། ཡོང་འབབ་ཉུང་བ་སོགས་སུ་འགྱུར་ལ། ལེན་འཕྱིས་སོང་ན་སྙེ་མགོ་ལྷུང་བ་དང་། བྱ་བྱེའུ་སོགས་ཀྱིས་གཏོར་བ། སེར་བ་སོགས་ལོ་དགྲའི་གནོད་པ་འབྱུང་བ། བརྔ་རྡུང་སྐྱ་བ་སོགས་ཀྱི་བརྒྱུད་རིམ་དུ་འབྲས་བུ་ཐོར་ནས་ཆུད་ཟད་དུ་ཤོར་བ་སོགས་ཞན་ཆ་དང་གྱོང་གུད་མང་། དེར་བརྟེན་ཡུལ་འདིའི་ཞིང་པ་མེས་པོ་ཚོས་སྲིད་པའི་གངས་དང་མཉམ་དུ་བསགས་པའི་ཉམས་མྱོང་ལ་སྟག་ཕུ་རྔ་འདབས་རྔ། ཡོས་རྔ་ཟད་ཟླ་ཟད་ཅེས་ལོ་ཟླ་ལ་བལྟས་ན་སྟག་ཟླ་བདུན་པར་ཕུ་མདའ་ལ་ཀླུངས་ཀྱི་ཞིང་ཐམས་ཅད་བརྔ་རན་ལ་ཡོས་ཟླ་བརྒྱད་པར་བརྔས་ཟིན་པ་དང་། སྐར་རྟགས་ལ་བལྟས་ན་དཔེར་ན་ཡུལ་འགའ་ན་སྨིན་དྲུག་ཁང་ཁར་སླེབས་དུས། ཕ་ཞིང་ཟྭ་ཆག༼ ཟྭ་སྔོན་པོ ༽ ཡིན་ཡང་བརྔ་དགོས་ཞེས་བོད་ཟླ་བདུན་པར་ནམ་གསལ་ཁར་སྐར་མ་སྨིན་དྲུག་ནམ་མཁའི་གཞུང་དུ་སླེབས་པའི་དུས་སུ་ཞིང་ནང་གི་ལོ་ཏོག་མ་སྨིན་པ་ཟྭ་བཞིན་དུ་སྔོན་པར་ལུས་ཡོད་ཀྱང་བརྔ་དགོས་པ་དང་། ཡུལ་ལ་ལ་ན་གནམ་གཞུང༼ དགུ་ཚིགས ༽ དགེ་བསྙེན༼ རི་བོ་ཞིག ༽ རྩེ་ལ་ཡོང་དུས། ཕ་ཞིང་ཟྭ་ཆག་ཡིན་ཡང་རྔོས་ཞེས་ནམ་མཁའི་དགུ་ཚིགས་ཀྱི་སྣེ་མོ་གྲོང་པའི་ཉེ་འགྲམ་གྱི་རི་ཡི་རྩེ་མོ་ལ་འཁོར་དུས་ལོ་ཏོག་སྔོན་པོ་དག་ཀྱང་རྔ་རན་པ་བསྟན་པ་ལྟ་བུ། སྤྱིར་བཏང་ས་འགོ་མཐོ་དམའ་སོགས་ཀྱིས་ས་ཆ་སོ་སོའི་སྟོན་ཐོག་ལེན་པའི་དུས་ལ་ཅུང་སྔ་ཕྱི་ཡོད་ཅིང་དཔེར་ན་དཀར་མཛེས་གླིང་ཐང་གི་སྟོན་ཐོག་ལེན་སྔ་ཤོས་ཚོས་སྤྱི་ཟླ་བརྒྱད་པའི་ཟླ་གཞུང་ཡན་མན་ནས་ལེན་འགོ་བཙུགས་ཤིང་སྟོང་སྐོར་སོགས་ཅུང་ཕྱི་བ་ན་སྤྱི་ཟླ་དགུ་པ་ཡན་མན་དུ་ལེན་པ་ལྟ་བུ་དང་། དེ་བཞིན་འབྲུ་རིགས་མི་འདྲ་བར་སྔ་ཕྱི་མི་འདྲ་བ་སྟེ། དཔེར་ན་ས་ཆ་ཕལ་ཆེ་བར་དང་པོ་སྲན་མ། དེ་ནས་རིམ་བཞིན་ནས་དང་། གྲོ། ཞོག་ཁོག། ལ་ཕུག་སོགས་ལེན་པ་ལྟ་བུ། དེ་ལྟ་ན་ཡང་ཞིང་གང་ཞིག་དེ་ཉིན་ནམ་ཞིག་ལ་བརྔ་བ་ནི་ཞིང་པ་རྒན་པ་ཉམས་མྱོང་ཅན་གྱིས་ལོ་ཏོག་སྨིན་ཚད་ཀྱི་ཡུལ་དངོས་ལ་བལྟས་ནས་ཐག་བཅད་པ་དེ་ཐབས་ལེགས་ཤོས་ཤིག་ཡིན་ཏེ་སོ་ནམ་ཞིབ་ཚགས་ཆེན་པོར་བྱེད་པ་ལ་གྲོང་གཅིག་གི་ཕྱོགས་སྟོད་སྨད་དང་ཞིང་གཅིག་གི་ཆ་འགོ་གཞུག་ལའང་རྔ་རན་དང་མ་རན་གྱི་ཁྱད་པར་ཡོད་པའི་ཕྱིར། ཞིང་གཅིག་ཏུ་ལོ་ཏོག་སྨིན་སྔ་ཕྱི་ཡོད་པའི་གནས་དོན་དེ་ཐག་གཅད་པ་ལ་མི་ཚོས་ཁོག་བཤངས་རྒྱག་ཅེས་ཞིང་གཅིག་གི་ནང་ལ་སྨིན་བཟང་ངན་ལྟར་སྨིན་ལེགས་པའི་དུམ་བུ་རྣམས་ཐོག་མར་རྔ་ཞིང་སྨིན་ཐག་མ་ཆོད་པའི་དུམ་བུ་ཉིན་ཁ་ཤས་རྗེས་སུ་བརྔ་རྒྱུར་བཞག་པ་ཡིན། ཞིང་པ་འགས་ནས་ནག་ཞིང་ནང་དུ་མགོ་ཤིན་ཏུ་ལོངས་ཆེར་སོང་ན་ནས་འབྲུ་ཁ་དོག་སྐྱ་བོར་འགྱུར་འགྲོ་བ་ཡིན་ཞེས་ཟེར། གནམ་གཤིས་ལ་སྲན་ནས་གཉིས་ཀ་ཆར་པར་བརྔ་མི་རུང་བ་མེད་ཀྱང་གྲོ་ལ་ངེས་པར་དུ་གནམ་དྭངས་དགོས་པ་དང་། ནས་ཤིན་ཏུ་མགོ་ལོངས་པར་གྱུར་ན་སྔ་དྲོར་ཟིལ་བ་དང་ཉི་མ་མི་ཚ་བའི་དུས་སུ་བརྔས་ན་སྙེ་མ་དང་ནས་འབྲུ་ས་ལ་མི་ཐོར་བའི་ཕན་ཐོགས་ཡོད།

སྟོན་ཐོག་ལེན་བྱེད་ཀྱི་ལག་ཆ་གཙོ་བོ་ནི་ཟོར་བ་ཡིན། དེ་ལ་ཡུལ་མི་ཚོས་ཟོ་ར་ཞེས་འབོད་བཞིན་ཡོད། དེ་ནི་ཚེས་གསུམ་གྱི་ཟླ་བའི་དབྱིབས་ལྟར་གུག་པའི་ལྕགས་ཀྱི་ཟོར་མགོ་དང་མདའ་བཞིན་དྲང་པའི་ཤིང་གི་ཡུ་བ་ཐུང་ངུ་གཉིས་ལས་གྲུབ་ཅིང་།དེ་ལ་གྲོ་ནས་རྔ་བྱེད་ལ་རྔ་ཟོར་དང་སྲན་མ་འབལ་བྱེད་ལ་སྲན་ཟོར་རམ་འབལ་ཟོར་ཞེས་རིགས་གཉིས་སུ་ཕྱེ་ཞིང་རྔ་ཟོར་ནི་སོག་ལེ་བཞིན་དུ་སོ་རྣོན་པོ་ཡོད་ཅིང་འབལ་ཟོར་ནི་སོ་ཅུང་རྟུལ་བོ་ཡིན་ཆོག་པས་རྔ་ཟོར་རྙིང་པ་སོགས་སྤྱོད་སྲོལ་ཡོད། སྤྱིར་ཟོར་བ་ལ་དབྱིབས་ཀྱི་ཆ་ནས་ལྕགས་ཀྱི་ཟོར་འགོ་དང་ཤིང་གི་ཡུ་བ་གཉིས་གཉིས་ལྟེབ་བྱེད་ཆོག་པའི་ལྟེབ་བཟོ་དང་ལྟེབ་མི་ཆོག་པའི་རིགས། བེད་སྤྱོད་ཀྱི་ཆ་ནས་གྲོ་ནས་རྔ་བྱེད་ལ་ནས་ཟོར་རམ་རྔ་ཟོར་དང་། རྩི་ཤིང་བྲེག་བྱེད་ཀྱི་ཤིང་ཟོར། རྩྭ་འཐུ་བྱེད་ཀྱི་རྩྭ་ཟོར་སོགས་ཀྱི་དབྱེ་བ་དུ་མ་ཡོད།

གྲོ་ནས་བརྔ་བ་དང་སྲན་མ་འབལ་བའི་དུས། མི་གཅིག་གམ་དུ་མ་གང་ཡང་རུང་བ་མདུན་དུ་རྔ་ཐེངས་གཅིག་གི་ཞེང་ཁ་ཆེ་ཆུང་ལ་དར་ཁའམ་སྟར་ག་ཟེར་ཞིང་ཞེང་ཁ་ཇི་ལྟར་ཆེ་ན་རྔ་ཕྱོད་དེ་ལྟར་ཆེ་བས་མི་ཚོས་ཅི་ནུས་གང་ཐུབ་ཀྱིས་སྟར་ག་ཆེན་པོར་དེད་པ་ཡིན། མི་གཅིག་ལས་མེད་ན་ཞིང་གི་གཡོན་ཕྱོགས་ནས་ཞེང་ཁ་ངེས་ཅན་གྱི་སྟར་གའི་མཚམས་བཅད་ཅིང་གོམ་པ་གཡས་ཀྱི་སྟར་མཚམས་ནས་གཡོན་གྱི་ཕྱོགས་ལ་དེད་ནས་རིམ་བཞིན་མདུན་དུ་རྔ་བ་དང་། མི་མང་པོ་ཡོད་ན་ཞིང་གི་གཡོན་ཕྱོགས་ནས་འགོ་བཙུགས་ཏེ་འཕྲེད་དུ་བར་མཚམས་ངེས་ཅན་རེ་བྱེ་པའི་ཤོ་བསྒྲིགས་ཏེ་སྟར་གའི་མཚམས་གཅད་ལ། གྲལ་གཡས་ཀྱི་སྟར་མཚམས་གཅོད་མཁན་ནི་ཀུན་ལས་ཆེས་རྔ་ཕྱོད་ཆེ་ཞིང་ལས་ཀ་གྲིམ་པོ་གང་ཡིན་པ་དེ་བདམས་ཤིང་། དེས་སྟར་ག་སྔོན་དུ་རྒྱ་ཇེ་ཆེར་གསེག་བཞིན་སྔུན་ནས་སྔུན་དུ་བརྔས་པ་དང་བསྟུན་ནས་རིམ་གྱིས་སྟར་གའི་ཁ་ཞེང་ཇེ་ཆེར་བཏང་བས་ཐུན་མོང་གི་རྔ་ཕྱོད་འཕེལ་བར་ནུས་པ་ཆེན་པོ་འབྱུང་། མི་མང་པོས་མཉམ་དུ་སྟར་ག་དེད་དུས་ཕན་ཚུན་གཅིག་གིས་གཅིག་ལ་བསྟུན་ཞིང་རོགས་བྱེད་པས་མི་ལ་ལས་ཀའི་ངར་ཤུགས་སྐྱེད་པ་དང་ཐུན་མོང་གི་ལས་ཕྱོད་ཇེ་ཆེར་འགྲོ་བ་ལ་ཕན་པ་ཆེ་བས་ཤིན་ཏུ་དོ་སྣང་བྱེད་ལ། མདུན་དུ་ཁ་ཞེང་ཆུང་ངུ་ཞིག་དེད་དེ་གཡས་གཡོན་ལ་མ་བསྟུན་པར་སྔོན་དུ་བརྔས་པའམ་རྗེས་སུ་ལུས་པ་ནི་སྒྱིད་ལུག་དང་ངོ་ཚ་བའི་ཡུལ་དུ་བཟུང་། རྒྱུན་དུ་དེ་ལྟར་བྱེད་མཁན་ཡིན་ན་གཡས་གཡོན་གཉིས་རྔ་རོགས་ཀྱི་སྟར་མཚེས་མི་རག་པར་འགྱུར་ཉེན་ཡོད།

གྲོ་ནས་རྔ་སྟངས་ལ་ལག་པ་གཡོན་པའི་སྤར་བ་ཁ་གྱེན་དུ་གཏད་དེ་སོག་ཡུའི་རྩ་བ་ནས་འཇུ་ཞིང་མདུན་ཕྱོགས་སུ་མར་ཅུང་མནན་པ་དང་། ལག་པ་གཡས་པས་ཟོར་བ་གཡས་ནས་གཡོན་དུ་དེད་དེ་བྲེག། གཡོན་གྱི་སྤར་བར་སོག་ཡུ་ཡིས་གང་ལ་ཉེ་བ་ན་སྤར་དཀྲིས་རྒྱག་པ་སྟེ། སོག་རྐང་འགས་སྤར་བས་འཇུ་མཚམས་ནས་དཀྲིས་ཏེ་དམ་པོར་བསྡམས་པ་དང་། དེ་ལྟ་བུའི་སྤར་དཀྲིས་གསུམ་ཡན་མན་བསགས་ནས་སྤར་བ་ཤིན་ཏུ་བརྒྱངས་པར་མི་ཚུད་པར་གྱུར་རྗེས་གཡོན་གྱི་ལོགས་སུ་ལོ་འགོ་མིའི་ལྡོག་ཕྱོགས་སུ་བསྐོར་ནས་ས་ལ་བཞག་པ་ལ་རྔ་སྤར་གང་ཟེར། དེ་འདྲའི་རྔ་སྤར་གསུམ་ཙམ་རེ་ཆག་པ་བསྒྲིགས་ནས་ཚར་ཕུང་དུ་སྤུངས་པ་ཡིན། སོག་སྐེ་དམའ་བ་སྟེ་ས་ངོས་སུ་ཕབ་ནས་བྲེག་ན་བཟང་པོར་བགྲངས་ཏེ། དེས་རྔ་དུས་སྤར་ཤད

༼ ནས་རྔ་དུས་སྤར་བ་ནས་ཟག་པའི་སོག་ཐོར་བུའི་མིང་སྟེ། སྤར་ཤད་ཐོར་མང་ཉུང་ནི་རྔ་མཁན་བཟང་ངན་འབྱེད་བའི་ཚད་གཞི་གལ་ཆེ་ཞིག་ཏུ་བགྲངས་པ་ཡིན། ༽ མི་ཐོར་བ་དང་། རྩྭ་སོག་འཕྲོ་བརླག་མི་འགྲོ་བ། སྟོན་སློག་སྐབས་སུ་རྨོ་བདེ་བ་བཅས་ལ་ཤིན་ཏུ་ཕན། སོག་སྐེ་མཐོར་སོང་ན་དེ་ལས་ལྡོག་པའི་གནོད་པ་འབྱུང་བས་རྔ་སྟངས་ངན་པར་རྩི། འོན་ཀྱང་དམའ་དྲགས་ན་སོག་ཚུགས་བསླངས་པའི་སྙེ་མ་ས་ལ་འབྱར་བ་དང་ལག་པའི་ཤེད་ཤུགས་ཀྱིས་མ་འདང་ན་རྩ་བ་ས་རྡུལ་དང་མཉམ་དུ་འབལ་ཡོང་ལ་དེས་ཁྱིམ་དུ་བསྐྱ་དཀའ་བ་དང་། རྡུང་དུས་ཐལ་རྡུལ་མང་པོ་ལང་བ། འབྲུ་རིགས་ནང་ལ་ས་རྡུལ་མང་བ་སོགས་ཀྱི་གནོད་པ་འབྱུང་། མི་མང་ན་རྔ་མཁན་གཉིས་གསུམ་རེའི་རྗེས་སུ་བམ་པོ་སྒག་མཁན་རེ་ཡོད། སྒག་དུས་ས་ཆ་སོ་སོར་ལུས་ཀྱི་སྟངས་སྟབས་ཅུང་མི་འདྲ་བར་ཡོད་ཀྱང་ཕལ་ཆེ་བས་རྔ་མཁན་གྱིས་གཅིག་ཏུ་སྤུངས་པའི་ཆག་པ་ལ་ལག་གཡོན་པས་ནས་ཆུན་གྱི་སྐེ་རྩའི་སྟེང་ནས་མནན་ཞིང་གཡས་པས་སྙེ་མགོའི་ཕྱོགས་ལས་ནས་སོག་འགའ་ཤབས་ནས་སྙེ་སྐེ་གྲལ་སྙོམས་པར་བྱས་རྗེས་དེས་སོག་ཆག་གི་སྨད་དུ་གསུམ་ཆ་གཉིས་སམ་བཞི་ཆའི་གསུམ་ཡས་མས་ནས་དམ་པོར་བསྡམ་དགོས། དེ་ལྟར་བསྡམས་པའི་ཕོན་པོ་གཅིག་ལ་བམ་པོ་ཟེར། སྒག་སྟངས་ལྷོད་དུ་སོང་ན་བམ་པོ་གྲོལ་བ་དང་སོག་ཐོར་བ་སོགས་གྱུར། བམ་པོ་ཆུན་པོ་ཆུང་དྲགས་ན་ལས་ཕྱོད་ཆུང་བ་དང་སྐྱེལ་འདྲེན་མི་བདེ་བ་སོགས་མི་འོས་ཤིང་ཆེ་དྲགས་སོང་ན་བསྐམས་མི་ཐུབ་པ། བམ་རུལ་སླ་བ། ཁུར་ཁྱེར་མི་བདེ་བ། འགེལ་ཕོག་དཀའ་བ་སོགས་ཀྱི་སྐྱོན་ཆེ་བས་རྔ་སྤར་གསུམ་ཙམ་ལ་ཚད་རན་པོར་རྩི་པ་ཡིན། བསྒགས་ཟིན་པའི་བམ་པོ་རྣམས་ཞིང་དུ་སྙེ་མགོ་ས་ལ་གཏད། སྡོམ་བྱེད་ཀྱི་མདུད་པ་ནང་དུ་བསྐོར། གཉིས་རེ་ཐོད་གཏུགས་ནས་ཕྱག་རྒྱའི་ཚུལ་དུ་བསླངས་ནས་ཀ་བ་སར་བསྒྱེལ་པའམ་གཡུ་འབྲུག་ཐང་ལ་ཉལ་བ་ལྟ་བུའི་ཤོ་བསྒྲིགས་པ་ལ་སོག་ཚུགས་བསླངས་ཟེར། སྙེ་མགོ་ཐུར་དུ་བསྐོར་པས་སོག་ཡུའི་ཆུ་དང་རླན་རྣམས་སྙེ་མར་བབས་ནས་མུ་མཐུད་དེ་འབྲས་བུ་བཟང་པོར་སྨིན་བ་ལ་ཕན་

ཐོགས་པ་དང་། མདུད་པ་ནང་དུ་བསྐོར་བས་སྙེ་མ་སྨིན་པ་དང་། བྱ་དང་བྱེའུ་སོགས་ཀྱིས་སྙེ་མ་མི་གཏོར་བ་དང་། ཕྱུགས་ཟོག་སོགས་ཀྱིས་མདུད་པ་བཀྲོལ་ནས་བམ་པོ་མི་ཐོར་བ་སོགས་ཀྱི་ཕན་པ་ཡོད། ཞིང་རྒྱ་ཆེན་པོར་སོག་ཚུགས་ཅི་ཙམ་རིང་ནའང་ཆོག་ཅིང་ཞིང་ཆུང་ངུར་ཐུང་བ་ལའང་བམ་པོ་བཞི་བཅུ་ཡན་མན་ཏེ་ཟོག་ལ་འགེལ་དུས་སྟབས་བདེ་ཕྱིར་སྟར་གཅིག་ལ་དོས་ཁལ་གཅིག་གི་ཚད་ལོངས་པར་བྱས། ས་ངོས་ལ་འབུར་གཤོང་ཡོད་ན་སོག་ཚུགས་སྒང་སར་བསླངས་ལ་གཤོང་སར་མི་བསླང་། ཡུལ་ལ་ལ་ན་བམ་པོ་གསུམ་རེ་སུམ་རྐང་དུ་གང་སར་བསླངས་བའང་ཡོད་ཀྱང་ཡུལ་ལ་ལ་ན་སློང་སྟངས་དེ་ནི་སོ་ནམ་བྱེད་སྟངས་ཞིབ་ཚགས་མིན་པར་བརྩིས་ནས་སྨད་པ་ཡིན། རྔ་མཁན་མི་གཅིག་ཁེར་རེ་མ་ཡིན་ན་དང་པོ་སྟར་ག་རེ་བརྔས། དེ་རྗེས་བམ་པོ་བསྒགས་ནས་སོག་ཚུགས་བསླངས་པ་ཡིན། དེ་ལྟར་སོག་ཚུགས་བསླངས་པ་ལ་དགོས་པ་ཤིན་ཏུ་ཆེན་པོ་ཡོད་དེ། དང་པོ། བམ་པོ་ཐོག་མར་ཆར་པས་སྦངས་ནས་རྩི་དག་པ་ལ་བམ་ཁུ་བུད་ཟེར། དེས་ལོ་ཏོག་མི་རུལ་བ་སོགས་ལ་ཕན་པ་སྟེ། གལ་ཏེ་བམ་ཁུ་མ་བུད་པར་ལོ་ཏོག་ཁྱིམ་དུ་བསྐྱས་ན་མ་བརྡུང་གོང་ནས་སྲན་ནས་ཀྱི་འབྲས་བུ་བང་དང་རུལ་ཉེན་ཆེ་བར་མ་ཟད། བརྡུངས་རྗེས་ཀྱང་རྩྭ་སོག་གྲ་ཕུབ་རྣམས་རུལ་སླ་ཞིང་ཉར་ཚགས་དཀའ་བ་ཡོད་པ་དང་། རྩི་མ་དག་པའི་ལོ་ཏོག་ཤིན་ཏུ་ལྕི་མོ་ཡོད་པ་སོགས་ཀྱིས། བམ་པོ་ལ་ཞིང་ནང་དུ་བམ་ཁུ་བུད་པའི་ཆེད་དང་། དེ་ནས་ནས་ལེགས་པར་མ་སྨིན་པའི་སྙེ་མ་སྔོན་པོ་དང་། ཕྱེད་སྨིན་པ། སྨིན་ཐག་མ་ཆད་པ་རྣམས་ལེགས་པར་སྨིན་ཐུབ་པ་དང་། སྨིན་པ་དག་ཀྱང་འབྲུ་མིག་ཆུ་ཡིས་བཀང་ཞེས་འབྲུ་ཤ་ལ་ཆུའི་ཤས་མང་བས་ཐད་ཀར་བསྐམས་ན་ཕལ་ཆེར་བ་ནས་ཤུར་དུ་འགྱུར་ལ། སོག་ཚུགས་བསླངས་པས་དེ་རྣམས་འབྲུ་ཤེད་རྒྱས་ཤིང་འབྲུ་རྡོག་རྒྱགས་པ་དང་སྨིན་ཐག་ཆད་ཅིང་ཁ་དོག་བཟང་བར་འགྱུར། ད་དུང་ལོ་ཏོག་གི་ལྗིད་ཚད་ཡང་ཞིང་ལུས་སྐམ་པས་སྐྱེལ་འདྲེན་བདེ་བ་དང་ནས་མི་བང་ཞིང་རྩྭ་སོག་མི་རུལ་བ་ཁྱིམ་དུ་ཉར་ཚགས་བྱེད་བདེ་བ་དང་། རྩྭ་སོག་སྤུས་དག་པས་ཕྱུགས་ཟོག་ལ་ཕན་པ་སོགས་དགེ་མཚན་ལྡན། གཞན་ཞིང་པས་སྟོན་གྱི་སྔ་ཕྱིའི་ལས་ཀ་རྣམས་གོ་རིམ་ལྡན་པས་ཚགས་སུ་ཚུད་པ་ལའང་ཕན་པ་བཅས་སོ།། ནས་སྨིན་ཐག་མ་ཆོད་པར་བཤད་ཅི་དགོས། ལེགས་པར་སྨིན་ཞིང་ཡག་པོར་མགོ་ལོང་ཡོད་པའང་བརྔས་མ་ཐག་ཏུ་ཐད་ཀར་བརྡུངས་ཏེ་ཉི་མ་ལ་བསྐམས་པས་ནས་ཤུར་ཕྲ་མོ་སོགས་སུ་གྱུར་ནས་འབྲས་བུ་མར་བཅག་པ་ཡིན། དེ་བས་ཞིང་དུ་སོག་ཚུགས་བསླངས་པ་དང་ཁྱིམ་དུ་རྩིག་རྒྱག་པ་དག་ལ་དགོས་པ་ཆེན་པོ་ཡོད་ཅིང་ཞིང་པ་ཚོས་དཔྱིད་དབྱར་སྟོན་གྱི་དུས་ཚིགས་གསུམ་དུ་དཀའ་སྤྱོད་འབད་བརྩོན་བྱས་པར་འབྲས་བུ་ལེགས་པ་འཐུས་ཚང་བ་འབྱུང་བ་ལ་ཆད་ལུས་མི་རུང་བའི་སོ་ནམ་ལས་ཀའི་བརྒྱུད་རིམ་ཞིག་ཏུ་གྱུར་ཡོད། སོག་ཚུགས་ལེགས་པར་བསླངས་རྗེས་སྤར་ཤད་ཐོར་ཡོད་པ་རྣམས་རགས་པར་བཏུས་ནས་བམ་པོའི་གསེང་དུ་བཅུག་པའམ་ཁྱིམ་དུ་ཁྱེར། དེང་གི་ཆེད་ལས་མཁས་ཚོས་ནས་དུས་ཐོག་ཏུ་བརྔས་པ་ཤིན་ཏུ་གལ་ཆེ་སྟེ། དུས་ཐོག་ལ་མ་འཁེལ་ན་འབྲས་བུ་ལ་བར་དུ་གཅད་པ་དང་ཉར་ཚགས་བྱེད་དུས་ནས་ཀྱི་སྤུས་ཀ་ལ་ཤུགས་རྐྱེན་ངན་པ་ཐེབས། དེ་བས་ནས་ཀྱི་སོག་དང་སྙེ་མ་ཚང་མ་སེར་པོར་གྱུར་ཅིང་ཆུའི་འདུས་ཚད་བརྒྱ་ཆ་ཉི་ཤུ་ནས་ཉེར་གཉིས་ལས་ཉུང་བའི་སྐབས་སུ་བརྔས་ན་བཟང་ལ་ཕྱར་རྡུང་བྱེད་སྐབས་སོགས་ལ་འབྲུ་རྡོག་ལ་སྐྱོན་དང་གནོད་པ་མི་འཇུག་པ་སོགས་ལ་ཕན། ཕྱར་རྡུང་བྱས་རྗེས་ནས་འབྲུའི་ཆུ་ཡི་འདུས་ཚད་བརྒྱ་ཆ་བཅུ་ནས་བཅུ་གཉིས་མན་ལ་ཆག་རྗེས་སྣོད་དུ་བླུགས་ནས་ཉར་ན་སྐྱོན་མི་འཇུག་པར་བརྗོད།

( མུ་འགོད།)