མུན་ནག་པའི་མཚན་མོ་ཞིག་ལ་རི་སྒང་དུ་འཕྲེད་དུ་འཐེན་པའི་གཞུང་ལམ་ཞིག་གི་དཀྱོག་ལམ་དུ་རྐང་གསུམ་འཁོར་ལོ་ཞིག་ཁ་སྦུབ་ཏུ་ལོག་འདུག། དེ་ནི་འདི་ནས་ཡར་ལ་བརྩིས་པའི་མི་ལོ་དགུ་ཡི་སྔོན་གྱི་དབྱར་གཞུང་གི་མཚན་མོ་ཞིག་རེད། དེ་དུས་ཀྱི་ང་རང་སློབ་ཆུང་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན། དོན་དག་མང་པོ་ཞིག་ཕྱིར་དྲན་མི་ཐུབ་ཀྱང་མཚན་མོ་དེར་རི་སྐེད་ཀྱི་དཀྱོག་ལམ་དུ་བྱུང་བའི་དོན་རྐྱེན་དེ་ཁྱིམ་མི་ཚོས་ད་ལྟའང་ཡང་ཡང་གླེང་འོངས་པས་ངས་ཀྱང་བརྗེད་ག་ལ་སྲིད།
ཨ་མས་བཤད་ན་མཚན་མོ་དེ་ནི་མོས་ཚེ་གང་བོར་བརྗེད་ཐུབ་བྲལ་ཞིང་འགྱོད་སེམས་སྐྱེས་པའི་མཚན་མོ་ཞིག་ཡིན་ཟེར། མཚན་མོ་དེར་མངལ་སྦྲུམ་པའི་ཨ་མའི་ཕོ་བར་གཟེར་བརྒྱབ་སྟེ་བྱིས་པ་བཙའ་བའི་རྟགས་བསྟན་པས་ཕ་ཡར་དང་རབ་བྱུང་བསྒྲུབས་ཟིན་པའི་ཨ་ཁུ་གཉིས་ཀྱིས་ཨ་མ་ཁྱེར་ནས་ཁུལ་མི་དམངས་སྨན་ཁང་དུ་འགྲོ་བའི་ལམ་དུ་ཞུགས། རླངས་འཁོར་རི་སྒང་གི་གཞུང་ལམ་འཁྱོག་པོ་དེ་བརྒྱུད་ནས་མར་བབས་ཏེ་ཀུན་གྱིས“འཆི་ལམ”མམ་ཡང་ན་“འདྲེ་ལམ”དུ་འབོད་པའི་དཀྱོག་མཚམས་དེར་ཐོན་དུས། རྐང་གསུམ་འཁོར་ལོ་ཞིག་མགྱོགས་དྲགས་ཏེ་དཀྱོག་མཚམས་ནས་འཁོར་མ་ཐུབ་པར་ཁ་སྦུབ་ཏུ་ལོག་ཅིང་མི་གཉིས་དེ་གར་འགྱེལ་འདུག་པ་མཐོང་། ཕར་སོང་ནས་ཞིབ་ཏུ་བལྟས་པས་དེའི་ཁྲོད་ཀྱི་གཅིག་ངའི་ཞང་པོ་སྟེ་ཨ་མའི་ནུ་བོ་ཡིན་པ་ཤེས། འོན་ཀྱང་མཚན་མོ་དེར་ཁོ་ཚོས་དོན་དག་དེ་ཨ་མར་བཤད་ན་ཨ་མའི་མངལ་ཤོར་བར་དོགས་ནས་གསང་རྒྱ་བྱས་ཤིང་། ཨ་ཁུ་རབ་བྱུང་བ་གཉིས་ཀྱིས་བེམ་པོ་བསྲུངས་ནས་ངེད་ཚང་གི་ཁྱིམ་མི་གཞན་ཚོར་བསྒུགས་ཤིང་ཕ་ཡར་གྱིས་ཨ་མ་ཁྱེར་ནས་ཁུལ་སྨན་ཁང་དུ་སོང་། སྤོ་བོས་བཤད་ན་ངས་ཁོའི་འཁྱགས་རེངས་སུ་གྱུར་པའི་ལུས་པོ་དང་ཁྲག་གིས་སྦགས་པའི་ངོ་གདོང་མཐོང་དུས་ཁོ་རང་ཆུང་དུས་རྒྱུན་དུ་བརྒྱུགས་འོངས་ཏེ་ཨ་ཕ་ཚེ་རིང་ཞེས་འབོད་པའི་བཟོ་ལྟ་དྲན་ཡོང་བས་མིག་ཟུང་མཆི་མས་བརླན་སོང་ཟེར། དེ་དུས་ང་རང་ཤིན་ཏུ་ཆུང་བས་ང་ཁོ་ལ་དེ་འདྲའི་བག་ཆགས་ཟབ་མོ་ཞིག་མི་འདུག། འོན་ཀྱང་ཁོའི་བུ་ཆུང་ངས་རིག་མྱོང་སྟེ་ཁྱིམ་མི་ཚོས་བཤད་ན་ཁོ་རང་ཨ་ཕ་དང་ཤིན་ཏུ་འདྲ་བོ་འདུག་ཟེར། ཁོའི་སྐད་ཆ་བཤད་པའི་བཟོ་ལྟ་དང་འགྲོ་འདུག་གི་ཉམས་འགྱུར། མིག་དང་སྣ་སོགས་ཧ་ཅང་འདྲ་བོ་འདུག་ཟེར། གང་ལྟར་མཚན་མོ་དེར་ངའི་ཞང་པོ་འདི་ལྟར་རྐྱེན་ལམ་དུ་ཤོར་སོང་། ཁོ་རང་གི་སྐྱོ་གདུང་དང་ཡིད་ཆད་ཀྱི་སྡུག་བསྔལ་ཁུར་ནས་ང་ཚོ་དང་རྒྱང་དུ་གྱེས་སོང་།
རྐང་གསུམ་འཁོར་ལོ་དེ་ངའི་ཨ་ཞང་འདས་པོའི་ཡིན་ཞིང་རྐྱེན་ལམ་དུ་ཤོར་བའི་མི་གཞན་དེ་ཁོའི་གྲོགས་པོ་ཞིག་ཡིན་ཟེར། ཁྱིམ་མི་ཚོས་ཞང་པོ་འདས་པའི་རྒྱུའམ་རྐྱེན་གཙོ་བོ་ས་ཆུའི་འཇིགས་པ་དང་ཡང་ན་ལྷ་འདྲེ་གདོན་གེགས་སོགས་ལ་ཁག་འགེལ་གྱིན་འདུག་མོད་ངས་ནི་དེ་འདྲ་ཞིག་ཏུ་གཏན་ནས་མི་འདོད། དཀྱོག་མཚམས་དེ་ནས་རྒྱུན་ལྡན་མ་ཡིན་པའི་དོན་རྐྱེན་མང་པོ་བྱུང་སྟེ་མི་མང་པོ་འདས་མྱོང་བ་བདེན་མོད། དེ་དག་ཚང་མར་རྟོག་དཔྱོད་ཟབ་མོ་ཞིག་བྱས་ན་ཕྱིའི་རྐྱེན་དེ་དག་མ་ཡིན་པར་ནང་གི་རྐྱེན་ཞིག་ཡོད་པ་ཁོ་ཐག་རེད། ངའི་ཞང་པོ་ལྟ་བུར་མཚོན་ནའང་། རྐང་གསུམ་འགྱེལ་སའི་ཤུལ་གྱི་ལྦུ་ཆང་གི་དམ་བུ་དེ་ཚོས་ཀྱང་དོན་དག་མང་པོ་ཞིག་གསལ་བཤད་བྱེད་ཐུབ། ལྷ་འདྲེའི་གནོད་འཚེ་ཡིན་ནའང་རུང་ས་ཆུའི་འཇིགས་པ་ཡིན་ནའང་ཆོག། གང་ལྟར་ངའི་ཞང་པོ་འདས་ཟིན་པ་དོན་དངོས་ཡིན། སྐབས་དེར་ཁོ་རང་ལོ་ཉི་ཤུའི་ནང་དུ་ཡོད་ལ་གཏམ་རྒྱུད་གསར་པ་ཞིག་བྲི་བར་རྩོམ་པའི་ན་ཚོད་ནས་ལྦུ་ཆང་དམ་བུ་འགས་རྐྱེན་ལམ་དུ་བརྫངས། ད་ལྟ་ང་ཡང་ལོ་ཉི་ཤུའི་ན་ཚོད་དུ་སླེབས་པའི་ན་གཞོན་ཞིག་ཡིན། ངས་འགྲིམ་འགྲུལ་བདེ་འཇགས་ཞེས་པའི་རྩོམ་ཞིག་འབྲི་ཞོར་རང་གི་ལས་ངན་གྱི་ཞང་པོ་དྲན་བྱུང་། བག་ཆགས་ཆེན་པོ་མེད་པའི་ཞང་པོ་དྲན་བྱུང་།
ཞང་པོ་འདས་པའི་ཕྱི་ཉིན་ཨ་མས་ང་ལ་ནུ་མོ་སྙིང་རྗེ་བོ་ཞིག་བཙས། བོད་ཀྱི་རྣམ་ཤེས་ངོས་འཛིན་དང་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་གྱི་འདུ་ཤེས་ཀྱི་རྐྱེན་གྱིས་ཚང་མས་དེ་ནི་ཞང་པོ་འདས་པོའི་རྣམ་ཤེས་ཡིན་ངེས་ཞེས་མོ་ལ་ཧ་ཅང་གཅེས་གཅེས་བྱེད། ཨ་མས་མཚན་མོ་དེའི་དོན་དག་ཤེས་རྗེས་སེམས་པ་སྐྱོ་བས་ཁེངས་ཏེ་ཟ་མའང་མི་ཟ་བར་འདང་རྒྱག་ཅིག་ཏུ་ལྷུངས་འདུག་སྟེ་མཚམས་རེར་གློ་བུར་དུ་ཅི་ཞིག་དྲན་ནས་མིག་ཆུ་བཏོན་ཡོང་ལ། མཚམས་རེར་རང་གི་བུ་མོར་བལྟས་ནས་དེ་ཉིད་དངོས་གནས་ནུ་བོའི་རྣམ་ཤེས་ཡིན་པ་ཁས་ལེན་བྱེད་པ་དང་ཡང་འདྲ། ད་ལྟ། ང་རང་ནར་སོན་ནས་སློབ་ཆེན་འགྲིམ་པའི་སློབ་མ་ཞིག་ཏུ་གྱུར་ཡོད། ངེད་ཀྱི་ཁྱིམ་རྒྱུད་ལ་སློབ་ཆེན་པ་མང་པོ་མེད་དེ་ང་རང་གཉིས་པ་ཡིན། ཁྱིམ་མི་ཚོས་ང་ལ་རེ་བ་མཐོན་པོ་དང་རེ་བ་ནན་མོ་བཅངས་ཡོད་མོད་ངས་ཁོ་ཚོ་ལ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་སྟེར་མྱོང་མེད། ང་རང་ལྷ་འདྲེའི་གནོད་པ་སོགས་ཀྱི་བཤད་ཚུལ་ལ་གཏན་ནས་ཡིད་ཆེས་མེད། མི་ལོ་བརྒྱད་དགུ་ལྷག་འགོར་སོང་། ཡུལ་མི་ཚོས་ད་ལྟའང་དཀྱོག་མཚམས་དེའི་དོན་དག་ཁྱད་མཚར་བ་དག་བརྗེད་ཀྱིན་མི་འདུག་ལ། “འདྲེ་ལམ”ཟེར་བའི་འབོད་ཚུལ་དེར་ཡང་འགྱུར་བ་ཅི་ཡང་མི་འདུག། ཁོ་ཚོས་ད་ལྟའང་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་དང་གེགས་རྒྱ་མང་པོ་ཞིག་ཤེས་ཀྱིན་མི་འདུག་པར་ཡོད་ཚད་ལྷ་འདྲེ་ལ་ཁག་འགེལ་གྱིན་འདུག། དོ་དགོང་། ང་གནས་སའི་གྲོང་ཁྱེར་འདིའི་མཚན་ལྗོངས་ཧ་ཅང་འཇགས་ཤིང་ཁྲ་ལམ་ལམ་གྱི་གློག་འོད་ཀྱིས་མི་རྣམས་ཀྱི་ནང་སེམས་ཀྱི་སྐྱོ་གདུང་ལ་དྲོད་ཁོལ་གྱི་རི་མོ་ཕབ། ངོ་གདོང་གྱི་རྨ་ཁ་ལ་བྱམས་བརྩེ་ཡི་ཕྱག་ཟུང་གིས་བྱུགས་བྱུགས་གནང་། ངས་མཚན་མོའི་གཞུང་ལམ་གྱི་གཙང་པོའི་རྒྱུན་དུ་ཉ་མོ་ལྟར་འཁྱུགས་པའི་རླངས་འཁོར་མང་པོར་བལྟས་ནས་འདི་གའི་མི་རྣམས་ཀྱི་འགྲིམ་འགྲུལ་འདུ་ཤེས་དང་ངའི་ཕ་ཡུལ་གྱི་ལུང་པའི་ནང་གི་མི་རྣམས་ཀྱི་འགྲིམ་འགྲུལ་འདུ་ཤེས་གཉིས་མི་བསྡུར་ག་མེད་བྱུང་སྟེ། བསྡུར་བཞིན་བསྡུར་བཞིན་འདང་རྒྱག་ཆེན་པོ་ཞིག་ཏུ་ལྷུང་།
ཚན་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་འགྲིམ་འགྲུལ་ཐད་ཀྱང་སྟབས་བདེ་ཆེན་པོ་བྱུང་སྟེ། སྔོན་གྱི་དཀྱོག་མཚམས་དེའི་ཞོལ་གྱི་རི་སྐེད་དུ་རི་བོའི་ཕར་ཚུར་གཉིས་ལ་ཐད་ཀར་བགྲོད་ཐུབ་པའི་ཕུག་ལམ་རིང་མོ་ཞིག་འཐེན་པས་སྔོན་ལྟར་རི་བོ་བསྐོར་ནས་འགྲོ་མཁན་ཤིན་ཏུ་ཉུང་། དེ་བས་སྔར་གྱི་འགྲིམ་འགྲུལ་དོན་རྐྱེན་དེ་འདྲའང་བྱུང་བ་ཤིན་ཏུ་ཉུང་སྟེ་ཕལ་ཆེར་མེད་ཚོད་རེད། གཅིག་ནས་ཕུག་ལམ་བཟོས་ཏེ་འགྲིམ་འགྲུལ་ལ་སྟབས་བདེ་བཟོས་པ་དང་། གཉིས་ནས་མི་རྣམས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཅུང་ཟད་ཆེ་རུ་བྱུང་བས་ཀུན་གྱིས་འདྲེ་ལམ་དུ་འབོད་པའི་དཀྱོག་མཚམས་དེའང་མི་རྣམས་ཀྱི་མཐོང་ལམ་ནས་ཡལ་ཞིང་སྔོན་གྱི་སྐྱི་གཡའ་བའི་དོན་རྐྱེན་དེ་འདྲའང་ད་ལྟ་བྱུང་བ་ཤིན་ཏུ་ཉུང་སྟེ་ཕལ་ཆེར་མེད་ཚོད་ཡིན་ནོ།།
༼ ཉག་ཕྲན། ༽