国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་སེམས་ཡིད་ཀྱི་མགུར་ཆུང་།

ཕན་ཚུན་ཡིད་སེམས་དེ་མཐུན་ཞིང་། །

གཅིག་སེམས་གཅིག་རྟེན་ལ་བྱས་ཏེ། །

དགའ་བའི་འཛུམ་པ་རང་འཁྱུད་དེ། །

སྙིང་སྲུབས་ནང་རོལ་དུ་གནས་ཡོད། །

ན་ཆུང་གཞོན་དུས་ཀྱི་བརྩེ་དུང་། །

དཀར་གསལ་ཟླ་ངོགས་ཀྱི་གཟུགས་བྱད། །

ལག་པས་གཟུང་རྒྱུ་ཞིག་མེད་ཀྱང་། །

སེམས་པའི་སྙིང་ཤ་ལ་རེག་ཡོང་། །

རྒྱང་རིང་ཟླ་བ་ཡི་ཞལ་དཀར། །

སེམས་ནས་དྲན་རྒྱུ་ཞིག་འདུག་ཀྱང་། །

མངོན་སུམ་མཇལ་རྒྱུ་ཞིག་མེད་པས། །

དྲན་པའི་ན་ཟུག་འདི་ལྗིད་སོང་། །

འཛུམ་དཀར་ཞལ་རས་ཀྱི་ངོས་ལ། །

ཞེ་འཁྲེང་ལོ་ཟླ་ནས་བཅངས་ཏེ། །

དྲན་པའི་ཡིག་ཆུང་གི་ངོགས་ལ། །

བྲིས་ནས་ཁྲུང་ཁྲུང་ལ་བསྐུར་ཡོད། །

མཚམས་སྤྲིན་དམར་སེར་གྱི་ལྭ་མཛེས། །

ལ་ཁའི་རི་འགོ་ནས་བཞུད་དུས། །

རྒྱང་གི་ཟླ་བ་ཡི་འཛུམ་ཞལ། །

དྲན་པའི་ཟླ་ངོགས་ལ་རྩེན་སོང་། །

མི་དྲན་བསམ་བསམ་དུ་བསྡད་ཀྱང་། །

མལ་ཁྲི་བདེ་བདེ་ཡི་སྟེང་ན། །

ལྷོད་ལྷོད་དུ་བ་གཅིག་འཐེན་དུས། །

དྲན་པའི་ཚོར་བ་འདི་མང་གི །

ཁེར་རྐྱང་ཆང་དམ་ཞིག་འཐུང་ཞོར། །

རྒོངས་ཀའི་མཚམས་སྤྲིན་ལ་བལྟས་ཏེ། །

སྣང་བ་རྒྱང་རིང་ལ་བསྲིངས་པས། །

དྲན་གདུང་མི་ཁ་ལྟར་རྒོད་བྱུང་། །

སྙིང་སྡུག་དྲན་པ་ཡི་ཚོར་བས། །

ང་ཡི་སྣང་ངོགས་ཀྱི་ལྡེབས་སུ། །

བསུབ་མེད་རི་མོ་བཞིན་བྲིས་ནས། །

བརྗེད་མེད་ཕ་མ་ལྟར་ཡིན་སོང་། །

རང་སེམས་དགའ་བ་ཡི་མཛའ་མོ། །

ཞལ་རས་འཆར་བ་དེ་མང་ཞིང་། །

སྙིང་གཏམ་བཤད་འཕྲོ་དེ་ལུས་པས། །

དྲན་ཚོར་སྣང་བ་འདི་ཆེ་སོང་། །

སྙིང་ཉེ་དྲན་པ་འདི་མང་བས། །

སྙིང་རླུང་སྟོད་ཕྱོགས་ལ་འཚངས་སོང་། །

འཕྲད་པའི་དུས་སྐབས་ཤིག་མེད་ཚེ། །

ཤི་འགོ་རྡོ་ཐོག་ལ་འཇོག་རན། །

དྲན་པས་རང་སེམས་འདི་བཟི་བས། །

གཞན་དང་སུ་ལ་ཡང་མ་བཤད། །

རང་གི་དྲན་པ་ཡི་ཚོར་སྣང་། །

སྙན་ངག་ཁོ་ན་ལ་བཅོལ་ཡོད། །

༼ སྙན་རྐང་གླིང་། ༽