国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འོད་ཤུགས་ལ་བརྟེན་ནས་ནོར་གནག་གསོ་སྤེལ་བྱས།

ཕྱག་ཕྲེང་རྫོང་གིས་འོད་ཤུགས་ལ་བརྟེན་ནས་ནོར་གནག་གསོ་སྤེལ་བྱས་ཏེ་འབྱུང་འཕྲོད་མཉམ་འདྲེས་ཀྱི་ལམ་གསར་བཏོད།

འོད་ཤུགས་པང་ལེབ་ཀྱི་མཐའ་འཁོར་དུ་བག་ཕེབས་པོར་འཚོ་བའི་ནོར་གནག།

འོད་ཤུགས་ལ་བརྟེན་ནས་གསོ་བའི་ནོར་གནག་གིས་རྩྭ་ཟ་བཞིན་པ།

ཕྱག་ཕྲེང་རྫོང་སྒྲོ་མདོངས་ཡུལ་ཤོག་ཏུ་མཐོ་སྒང་ས་གཞི་ཡངས་པོར་འོད་ཤུགས་པང་ལེབ་སྔོན་པོ་གྲལ་སྟར་སྒྲིག་སྦྱོར་བྱས་ཡོད་ཅིང་། འདི་ནའི་ཡུལ་མི་ཚོས་འོད་ཤུགས་ལ་བརྟེན་ནས་ནོར་གནག་གསོ་སྤེལ་བྱེད་བཞིན་ཡོད་པས་ནོར་གནག་གི་འཕེལ་ཁ་དར་བས་མ་ཚད་ནོར་གནག་གསོ་སྤེལ་བྱ་ཡུལ་དེ་ཡུལ་སྐོར་བའི་མིག་ལམ་དུ་ལྗོངས་ཁུལ་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད། འོད་ཤུགས་ནོར་གནག་ཅེས་འབོད་པའི་སྲོག་ཆགས་དེ་དག་གིས་འབྲོག་པའི་མང་ཚོགས་ཀྱི་སྲོལ་རྒྱུན་འཚོ་ཚིས་ཁུར་ཆེན་ཐེག་ཡོད་པར་མ་ཟད། ནུས་རྒྱུ་གཙང་མའི་ཐོན་ལས་དང་མཐོ་སྒང་སྐྱེ་ཁམས་ཞིང་ལས་གསར་གཏོད་མཉམ་འདྲེས་ཀྱི་འབྱུང་འཕྲོད་འཕེལ་རྒྱས་ལག་ལེན་མཚོན་ཡོད།

སྒྲོ་མདོངས་ཡུལ་ཤོག་གི་ཆ་སྙོམས་མཚོ་འཕགས་སྨི4000ལས་བརྒལ་བ་དང་ས་ཆ་དེར་དམིགས་བསལ་གྱི་འོད་ཤུགས་ཐོན་ཁུངས་ལྡན་པས་འོད་ཤུགས་གློག་འདོན་འཕེལ་རྒྱས་གཏོང་སའི་ས་ཆ་ཡག་པོ་ཞིག་ཡིན། ཕྱག་ཕྲེང་སྒང་རྩེའི་སྟོང་ཝད་ཁྲི100འོད་ཤུགས་ལས་ཚན་སོགས་ལས་གྲྭ་གལ་ཆེན་སྔ་རྗེས་སུ་ལག་ལེན་བསྟར་བ་དང་བསྟུན་ནས། རྩྭ་ཐང་ལ“ཁྲབ་ཆས་སྔོན་པོ”བསྐོན་པ་དང་ལོ་རེའི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝད་དུང་ཕྱུར་བཅུ་ལྷག་ཟིན་པས། ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་ཤུགས་གཙང་མ་འདྲེན་ཐུབ་པས།སྲོལ་རྒྱུན་གྱི་ནུས་ཁུངས་ལ་བརྟེན་ཚད་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།

འོད་ཤུགས་གློག་ཁང་འཛུགས་པའི་བརྒྱུད་རིམ་ཁྲོད། ལས་ཚན་ཚོགས་པས“མདའ་རྐྱང་སྙོམས་རྗེས་འདེད་དང་གཏན་འཇགས་ཅན། མཉེན་གཤིས་སྒྲོམ་གཞི”བཅས་ཟུང་དུ་སྦྲེལ་བའི་མཉམ་འདུས་གྲུབ་ཆ་སྤྱད་དེ་ས་ཆ་སྤྱོད་ཚད་བརྒྱ་ཆ30མཐོ་རུ་བཏང་ཡོད། དུས་མཉམ་དུ་འོད་ཤུགས་པང་ལེབ་ཀྱི་སྒྲོམ་སྟེགས་སྨི2བར་མཐོ་རུ་བཏང་བ་དང་པང་ལེབ་བར་གྱི་བར་ཐག་སྨི3སོར་འཇོག་བྱས་ཡོད། དམིགས་བསལ་གྱི“རྩྭ་འོད་མཐུན་སྦྱོར་མ་ལག”གིས་འོད་ཤུགས་པང་ལེབ་ཀྱིས་གློག་ཕན་ཆེར་འདོན་པ་འགན་ལེན་བྱེད་པ་དང་ཆབས་ཅིག་པང་ལེབ་འོག་གི་བར་སྟོང་དུ་རྩྭ་སྐྱེ་རྒྱུར་འཚམ་པའི་ཁོར་ཡུག་བསྐྲུན་ཡོད། འོད་ཤུགས་པང་ལེབ་འོག་སྐྱེས་པའི་གཟན་རྩྭ་དེ་དག་སྤྱིར་བཏང་གི་རྩྭ་ར་ལས་སྐྱེ་སྟོབས་བཟང་བས་ནོར་གནག་ལ་སྤུས་ལེགས་རང་བྱུང་གཟན་ཆས་མཁོ་འདོན་བྱས་ཡོད།

ས་གནས་དེ་གའི་སྲིད་གཞུང་གིས་དགེ་མཚན་དེ་དག་ཤེས་ནས་སྲོལ་རྒྱུན་གྱི་ནོར་གནག་གསོ་སྤེལ་དེ་འོད་ཤུགས་གློག་ཁང་དུ་སྤོས་ཡོད། ནོར་གནག་གིས་འོད་ཤུགས་པང་ལེབ་ཀྱི་གྲིབ་ནག་འོག་རང་མོས་ངང་རྩྭ་ཟ་ངལ་གསོ་བྱེད་ཀྱིན་ཡོད་པས་མཐོ་སྒང་ཉི་མ་དྲག་པོས་མི་གདུང་བར་མ་ཟད། འཚོ་བཅུད་ཕུན་སུམ་ཚོགས་པའི་་གཟན་རྩྭ་ལོངས་སུ་སྤྱོད་ཐུབ། པང་ལེབ་ཐོག་གློག་འདོན་དང་པང་ལེབ་འོག་གསོ་སྤེལ་བྱེད་པའི་ལངས་གཟུགས་རྣམ་པ་དེ་རིགས་ཀྱིས་འོད་ཤུགས་གློག་འདོན་དང་འབྲོག་ལས་བར་ཕན་ཚུན་གསབ་རེས་ལེགས་འཛོམས་མངོན་འགྱུར་བྱུང་ཡོད། ལི་ཐང་ཕེང་ཧྥེ་སྤྱི་གཉེར་ཁང་གིས་ཕྱག་ཕྲེང་རྫོང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་ནོར་གནག400འོད་ཤུགས་བ་གླང་གསོ་སྤེལ་རྟེན་གཞིར་དྲངས་ཡོད།

རྟེན་གཞི་དེས་སྤྱི་གཉེར་ཁང་དང་ཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་འཁོར་སྐྱོད་ལམ་སྲོལ་སྤྱད་དེ་ས་ཞིང་འཁོར་རྒྱུག་དང་། འབྲོག་རྩྭ་འདེབས་འཛུགས། ནོར་གནག་ཚབ་གཉེར་བཅས་ཕྱོགས་བཞིའི་ཐད་སྤྱི་གཉེར་ཁང་དང་མཉམ་ལས་ཁང་།ཞིང་དུད་བཅས་ཕྱོགས་གསུམ་ལ་ཕན་པ་ཐོབ་པས། སྐྱེ་ཁམས་དང་ཞིང་འབྲོག་ཐོན་ལས་མཉམ་འདྲེས་ཀྱི་དཔེ་མཚོན་མངོན་དུ་གྱུར་ཏེ། ནོར་གནག་ཐོན་ལས་སྲོལ་རྒྱུན་གསོ་སྤེལ་ནས་དེང་རབས་ཅན་དང་ཁེ་ལས་ཅན། ཚད་ལྡན་ཅན་བཅས་སུ་བསྒྱུར་བར་བསྐུལ་ཡོད།

ཕྱག་ཕྲེང་འོད་ཤུགས་ནོར་གནག་གསར་གཏོད་ལག་ལེན་གྱིས་དེང་རབས་ཚན་རྩལ་དང་མཐོ་སྒང་སྲོལ་རྒྱུན།ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་སྲུང་སྐྱོང་བར་གྱི་འབྲེལ་ཟམ་བདེ་བླག་ངང་བསྐྲུན་ཡོད་ལ། མཐོ་སྒང་ས་ཁུལ་དང་ཐ་ན་རྒྱལ་ཡོངས་གྱི“རི་སྔོ་ཆུ་དྭངས”“གསེར་རི་དངུལ་རིར” བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུར་དཔྱད་གཞིར་འཛིན་པའི་“ཕྱག་ཕྲེང་མ་དཔེ”རིན་ཐང་ཆེན་པོ་མཁོ་འདོན་བྱས་ཡོད།།

( ཀུན་དགས་བསྒྱུར།)