སྒྱུ་མ་ལྟ་བུའི་འཇིག་རྟེན་བཟང་ངོ་ཞེས།།
ཁོ་ཐག་བཅད་དེ་སྨྲ་བར་མ་ནུས་ཀྱང་།།
ལག་རྐྱོང་འཁྱམ་པོ་འདིར་སྣང་ཞེན་པ་ཡིས།།
རང་མགོ་རང་བསྐོར་ཆོས་བརྒྱད་ལམ་དུ་ཚུད།།
ངེས་འབྱུང་སྙིང་ནས་བསྐྱེད་པའི་འཁོར་བ་ལ།།
ཞེན་ལོག་སྐད་ཅིག་ཙམ་ཡང་མ་རྙེད་ཀྱང་།།
གཞན་གནོད་གཞི་བཅས་རིང་དུ་སྤང་བར་བརྩོན།།
གཞན་ཕན་གཞི་བཅས་ཅི་ལྕོགས་གང་ནུས་བསྒྲུབ།།
འདི་ཡང་ཁོ་བོས་དམ་ཚིག་ཡིན་པར་སེམས།།
རྣམ་གཡེང་ངང་དུ་འཆོར་བའི་མི་ཚེ་ལ།།
བཟང་པོའི་བྱ་བ་ཡོད་པར་དཀའ་ན་ཡང་།།
མི་ཚེ་དཔེ་ཆར་བཅོལ་བའི་བསྐལ་པ་དེས།།
ང་ཡི་ཕུགས་འདུན་ཡིག་ནག་ལྷན་དུ་གནས།།
པོ་ཏི་མང་པོ་རི་བོ་བཞིན་དུ་སྤུང་།།
བརྩོན་འགྲུས་མིན་པའི་ཨུ་ཚུགས་ཆེན་པོ་རུ།།
ཉིན་མཚན་དབྱེར་མེད་མགོ་བོ་སྒུར་སྒུར་དུ།།
མིག་ལ་མ་གཅེས་དཔེ་ཆའི་ནང་དུ་འཛུལ།།
ཆོས་དང་ཆོས་མིན་རྣམ་རྟོག་སྣ་ཚོགས་པས།།
སེམས་སུ་ལོག་རྟོག་གང་མང་སྤྲོས་ན་ཡང་།།
རྒྱལ་བའི་གསུང་ལ་དད་པའི་དབང་བཙན་པོས།།
གནས་ལུགས་ཟབ་མོ་རྙེད་པའི་རེ་བ་ཡིས།།
ལོ་ནས་ལོ་ལ་འབད་པ་བྱས་ན་ཡང་།།
སོ་སོའི་འདོད་པ་བཞིན་དུ་འོང་བ་དཀའ།།
འོན་ཀྱང་འཆི་སེམས་མངོན་དུ་མ་འགྱུར་བར།།
བརྩོན་པ་ཆེན་པོས་རི་རབ་བརླག་པ་དང་།།
མཁས་པ་ཆེན་པོས་གནམ་ས་སྒུལ་བ་ཙམ།།
བྱེད་དང་ནུས་པའི་སྤོབས་པ་མེད་ན་ཡང་།།
ངོ་མཚར་ཟབ་མོ་དོན་གྱི་གསུང་རབ་ལ།།
མཇལ་བ་འདི་ལ་དད་པ་མ་ལོག་པར། །
དད་དང་བརྩོན་ལ་འབད་པ་གང་ཡོད་ཀྱིས།།
མི་ཚེ་དཔེ་ཆར་བཅོལ་བའི་འདུན་པ་འདི།།
ཁོ་བོའི་དམ་ཚིག་གཉིས་པ་ཡིན་པར་སེམས།།
༼ ཁ་བའི་གླིང་བུ། ༽