དེ་རིང་སྔ་དྲོ་ངས་འཕྲུལ་རྟ་ཞིག་གཡར་ནས་དམིགས་ཡུལ་མེད་པར་ལམ་ལ་ཆས། ས་ཆེན་ཡོངས་ལ་ཚ་བའི་མེ་ལྕེ་ལྷོག་ལྷོག་གིས་འབར་ཞིང་གནག་ཅིང་སྣུམ་པའི་ལམ་ནི་ཟད་མཐའ་མེད་པའི་བྱང་ཐང་ཆེན་མོ་ཞིག་དང་འདྲ། རྣམ་ཀུན་ངའི་ཡིད་ལ་འཕྲུལ་རྟ་ཞེས་པའི་ཚིག་འབྲུ་འདི་གཉིས་འཁོར་ན་ཞེ་ལོག་བྱུང་ཞིང་། སུན་སྣང་འགོག་མེད་ཅིག་ཀྱང་ཡོང་། ཡིན་ན་ཡང་། འཚོ་བའི་ཁྲོད་ནས་འཕྲུལ་རྟ་ཞེས་པའི་བཅའ་དངོས་འདི་བེད་མ་སྤྱད་དེ་ལྷག་སོང་བའི་དུས་ནི་མེད་པ་ལྟར་ཆགས་ཡོད། ད་ཆ་འཕྲུལ་རྟ་བཞོན་ཐེངས་རེ་ལ་ཕྱིར་དྲན་ཞིག་འགོག་མེད་དུ་ངའི་ཡིད་ལ་འཆར་དུ་འཇུག་འོང་།
ལོ་ཚིགས་དང་ངའི་ན་ཚོད་སོགས་ག་ཙམ་ཡིན་པ་མི་དྲན་མོད། ངས་འཕྲུལ་རིགས་ཤིག་ཐོག་མར་ཡིད་ལ་ཐོག་པ་ནི་རྐང་འཁོར་ཡིན། རིམ་བཞིན་ན་ཚོད་ལོན་པ་ན། ངས་ཨ་ཞང་ལ་འཕྲུལ་རྟ་ཞིག་དགོས་ཞེས་རེ་བ་བཏོན། སྔོན་ཆད་འཕྲུལ་རྟ་ནི་ངའི་རྨི་ལམ་ནང་གི་རྟ་མཆོག་ཏུ་རློམ་ཞིང་། ཨ་ཞང་ཡུལ་ལ་ལོག་ཐེངས་རེ་ལ། ང་ལ་འཕྲུལ་རྟ་ཉོས་ཡོད་ཅེས་པའི་ཚིག་ལ་རབ་ཏུ་རེ་བ་ཡིན། ཨ་ཞང་ཡུལ་ལ་མ་ལོག་སྔོན་ནས་ངའི་སེམས་སུ་འཁྲུལ་སྣང་གི་སྒོ་མོ་ཕྱེ་ཞིང་། ཐང་ཆེན་ཞིག་ལ་འཕྲུལ་རྟ་ཞོན་ཞིང་རྫི་གླུ་ལེན་པའི་རྣམ་པ་ཡིད་ལ་བཅངས། རི་མཐོན་པོ་ཞིག་གི་སྐེད་ལ་འཕྲུལ་རྟ་བཞོན་ཏེ་རི་དྭགས་ཀྱི་རྗེས་གཅོད་ཀྱིན་པའི་རབ་བཏགས་ཀྱི་མེ་ཏོག་ཀྱང་རབ་ཏུ་བཏུ་མྱོང་། དང་ཐོག་ངས་འཕྲུལ་རྟ་ལ་མོ་ཐོར་འབོད་ཅིང་རིམ་བཞིན་ཞང་པོའི་ངག་ནས་འཕྲུལ་རྟ་ཞེས་པའི་ཚིག་འབྲུ་ཚོར། སྐབས་ཤིག་ལ་ཞང་པོས་ང་ལ་འཕྲུལ་རྟ་ཞིག་ཉོ་དགོས་པ་སྡེ་བ་གོང་འོག་ཀུན་ནས་ཤེས་ཤིང་། ཞང་པོ་ངེད་གཉིས་ཀྱི་བར་ལ་ཡང་རྒྱུན་ལྡན་གྱི་སྐད་ཆ་ཞིག་ཏུ་ཆགས་སོང་།
དོན་རྐྱེན་ནི་འབྱུང་སླ་ཞིང་། ཕུགས་བསམ་ནི་འགྲུབ་དཀའ་ཟེར་བ་ཅི་མ་བདེན། ལོ་ཞིག་གི་དགུན་ཁར། ཞང་པོས་འཕྲུལ་རྟ་བཞོན་ཏེ་ཡུལ་ལ་ལོག་པའི་ལམ་བར་དུ་རྒྱབ་ཕྱོགས་ནས་གཡག་འགོ་རྟགས་ཅན་གྱི་རླངས་འཁོར་ཞིག་གློ་བུར་དུ་མཆོང་ནས་ཞང་པོ་དང་འཕྲུལ་རྟ་གཉིས་ས་ལ་བརྫིས། ཉིན་དེ་ནས་བཟུང་ང་ལ་འཕྲུལ་རྟ་དགོས་ཞེས་འབོད་སའི་ཡུལ་མེད་ཅིང་། ཨ་ཞང་ཞེས་ངའི་རེ་བ་རུམ་ལ་འཛིན་མཁན་ཞིག་ཀྱང་མེད་སོང་།
ད་ལྟ་ང་ཚོའི་ཕ་ཡུལ་ནས་རུ་བ་འབྲོག་ས་དང་དགུན་ས་གང་ལ་ཆས་དགོས་ཀྱང་། འཕྲུལ་རྟ་རྐྱང་བས་བཅའ་ཀ་དག་སྐྱེལ་འདྲེན་བྱེད། རྟ་ནོར་ལ་དཀའ་ལས་མེད་ཅིང་འབྲོག་པར་སྟབས་བདེའི་རང་བཞིན་དུ་གྱུར། ཡིན་ཡང་ཉིན་རྒྱུན་བྱུང་དང་འབྱུང་འགྱུར་གྱི་ཆག་སྒོ་ཡང་གྲངས་ཀྱིས་མི་ཟིན་ནོ།།
ད་ཆ་ངའི་དམིགས་ཡུལ་མེད་པའི་འགྲུལ་བཞུད་ཀྱང་གང་ཞིག་ལ་ཐོན་ལ་ཉེ། ངས་རང་གི་མགོ་ལ་རེག་ཙམ་བྱས་དུས་ད་གཟོད་འཕྲུལ་ཞྭ་གྱོན་འདུག་པ་ཚོར་བྱུང་། ངའི་ཞང་པོས་ཀྱང་ཉིན་དེར་འཕྲུལ་ཞྭ་གྱོན་ཡོད་ཅིང་། འཕྲུལ་ཞྭའི་རྒྱབ་ཏུ་གཅན་གཟན་གསའ་ཡི་གཟུགས་རིས་ཤིག་ཀྱང་ཡོད་པ་དྲན། འཕྲུལ་ཞྭ་ཇི་ལྟར་གྱོན་ཡོད་པ་དང་འདོགས་ཐག་ལུགས་མཐུན་དུ་བྱས་ཡོད་མེད་ནི་དྲན་ངོགས་སུ་མི་འདུག། ད་ལྟ་ང་ཉི་ནུབ་ལ་ཕྱོགས་ནས་འགྲོ་བཞིན་ཡོད། ལོ་དེའི་དགུན་ཁར་གྲང་ངར་ཆེ་ཞིང་ལམ་ན་རྡུལ་སྐྱ་ཡང་བར་མེད་དུ་འཚུབ་གྱིན་འདུག། ཞང་པོས་མིག་གཉིས་འབྱེད་ཙམ་འབྱེད་ཙམ་བྱེད་ཅིང་། འཕྲུལ་ཞྭའི་སྲུང་ཤེལ་གདོང་ལ་འཐེན་ཏེ། མུ་མཐུད་དེ་མདུན་ལ་ཆས། བར་སྐབས་ཤིག་ལ་འཕྲུལ་ཞྭའི་སྲུང་ཤེལ་ངོས་སུ་ཁ་རླངས་འཐིབས་ནས་རབ་རིབ་ཏུ་གྱུར། འཕྲུལ་རྟ་ཇེ་དལ་དུ་བཏང་ནས་ལག་གཡོན་པས་སྲུང་ཤེལ་ངོས་སུ་བྱིལ་བྱིལ་ཐེངས་འགའ་བཏང་། གང་ཞིག་ལ་འཐེན་འདུག་པའི་ལམ་ལ་མུ་མཐུད་དེ་ཆས། སྐབས་ཤིག་ལ་རྒྱབ་ཕྱོགས་ནས་འུར་སྒྲ་ཞིག་མཆེད། མཉམ་འཇོག་གང་ཡང་མ་བྱས་པར་རང་ལམ་ལ་མུ་མཐུད་དེ་སོང་། འུར་སྒྲ་སྔར་ལས་ཆེ་ཞིང་སྲུང་ཤེལ་ངོས་ཡོངས་རབ་རིབ་མག་མོག་ཏུ་གྱུར། གཟོད་ཞང་པོས་རང་ཉིད་ཐང་ལ་འགྱེལ་འདུག་པ་ཚོར། ངའི་སེམས་སུ་སྐྲག་སྣང་ཞིག་གློ་བུར་དུ་བྱུང་སྟེ། འཕྲུལ་རྟའི་མྱུར་ཚད་དལ་བ་དལ་བུར་མི་གཏོང་ཁ་མེད་ཀྱི་ཚོར་བ་ཞིག་རུས་པའི་རྐང་ལ་འཁྲུངས། རྣམ་ཀུན་ང་ལ་ཕྱིར་དྲན་སློང་བའི་ཚོར་བ་ཡང་དེ་མ་ཡིན་ནམ།
༼ ཧུན • དུར་རོ། ༽