国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིག་བྱེད་ཀྱི་ མགུལ་རྒྱན།

འཁོར་བའི་ནགས་ཀླུང་འདི་ག་ནས། །

སེམས་ཀྱི་རླུང་ཆེན་ཡང་ཡང་ལྡང་། །

འཇིག་རྟེན་བྱེ་མའི་ཐང་ཆེན་ནས། །

ཁྱེད་རང་རྒྱུ་བའི་ངང་ཚུལ་གྱིས། །

སེམས་ཀྱི་ཉེ་རིང་མ་ཆོད་པས། །

བར་ཐག་ལས་ཀྱི་མོས་གུས་འདི། །

ཀུན་ཏུ་དགྱེས་པ་གཟུང་དུ་གསོལ། །

འདི་དག་ཚིག་གི་ཆོ་འཕྲུལ་མིན། །

སྣང་བའི་ངོས་ཀྱིས་འཇའ་འོད་མིན། །

གདུང་བའི་ཉི་མ་རུབ་ཚོད་ལ། །

བསིལ་བའི་རླུང་བུ་ལྡང་ཙམ་གྱིས། །

བརྩེ་བའི་མེ་ཏོག་མགུལ་དུ་འཆང་། །

སྨྲེང་བའི་མི་དེ་ཡུན་རིང་ངུས། །

བརྩེ་གཞས་འགྲམ་གྱི་ཐོལ་གླུ་འདི། །

མིག་མཐར་འཁོར་བའི་མཆོག་མ་ལ། །

ཉི་འོད་སྒྲིབ་པའི་སྔ་གཞུག་ཏུ། །

དྲན་སེམས་གླུ་ཡི་སྣང་བ་གཏོར། །

རླུང་བུ་བསིལ་བསིལ་ལྡང་བ་ན། །

སེམས་ཉིད་སྣང་བ་གང་སར་རྒྱུ། །

ཉམས་སྣང་བོར་བའི་ཀུན་རྟོག་འདི། །

སེམས་བྱུང་འགྱུ་བའི་ངག་ཐུན་འདི། །

རིག་བྱེད་བྱེ་བའི་མགུལ་རྒྱན་ཡིན། །

སེམས་ཀྱི་ཉེ་རིང་བོར་བའི་ཤུལ། །

དྲན་སེམས་སྣང་བ་མག་མོག་འདི། །

ཡིད་ཀྱི་མཚོ་མོ་སྐྱོམ་པས་ན། །

སེམས་སུ་ལྷུང་བའི་མེ་ཏོག་འདི། །

ཚུར་ཚུར་ང་ལ་གཡོ་བ་བྱུང་། །

ཞེ་སྣང་འཛུམ་པའི་མཆོག་མ་འདི། །

སེམས་སུ་ལྷང་ངེར་གསལ་གྱུར་ན། །

དྲན་པ་སེམས་ཀྱི་ཟླ་བའི་མདངས། །

སེམས་ཉིད་གཡོ་བའི་ཉིན་བྱེད་འདི། །

པད་མའི་འཛུམ་ཆུང་འགུལ་བའི་རྗེས། །

སེམས་ཉིད་སྨུག་རླུང་འཁྲིགས་པ་ན། །

ཚིག་རྒྱན་མཆོད་པའི་སྣང་གླུ་ལེན། །

བརྩེ་བའི་མཛའ་བ་ཁྱོད་ཉིད་ལ། །

སེམས་ཀྱི་སྤྱན་རས་མ་ཟིམ་པར། །

ཉི་ཐིག་ཕོག་པའི་ཞལ་རས་ལ། །

པདྨའི་འདབ་མ་ཟིལ་ཟིལ་གཡོ། །

མ་བཅོས་གདུང་བའི་ཉམས་གླུ་ལ། །

ཚིག་གི་དྲི་ངད་ལྷོད་ཀྱིས་བཞུར། །

སྨུག་སྤྲིན་གྱོན་པའི་རི་སུལ་ནས། །

བརྩེ་བའི་མཆོད་དབྱངས་ཁྱོད་མིན་སུ། །

སེམས་ཀྱི་དངུལ་དཀར་མེ་ལོང་ནང་། །

རྟག་ཏུ་འཛུམ་པའི་ངང་ཚུལ་གྱིས། །

མཐའ་མེད་འཁོར་བའི་གྲུ་ག་ནས། །

ཁྱོད་ཉིད་གཅིག་པུར་འཚོལ་བར་བྱེད། །

དབྱངས་ཅན་དགྱེས་པའི་ཟླ་བ་ལ། །

ངག་རིག་འདུ་བྱེད་ལན་གཅིག་འཕྲོས། །

མཆོད་དབྱངས་འདུ་བའི་རིག་བྱེད་ལ། །

དཔྱིད་ཀྱི་རྒྱང་གླུ་ཡང་གཅིག་ལེན། །

ཁྱོད་སྐུ་མཚུངས་པ་མེད་པ་ལ། །

འོད་ལྔའི་རྣམ་པར་རབ་ཏུ་ཚེས། །

ངག་རིག་པདྨའི་འཁྲི་ཤིང་ལ། །

ཚིག་རྒྱན་མེ་ཏོག་ངང་གིས་འཐོར། །

༼ ཁམས་པ་རབ་དབྱངས། ༽