国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཤོག་ཐོགས་ ཀྱི་དྲན་པ།

དེ་རིང་སློབ་གླིང་དུ་ཉི་མའི་དྲི་མ་

ཞིག་ཀྱང་ཚོར་གྱིན་མི་འདུག།

ང་རང་འཛིན་ཁང་གི་སྒེའུ་ཁུང་འགྲམ་དུ་

བསྡད་ནས།

སྐྱ་མདོག་གི་གྲོང་ཁྱེར་ལ་ཅེར་བཞིན་

ཕ་ཡུལ་གྱི་ཉི་འོད་དྲན།

མིག་ཟུང་གི་འཁོར་ཕྱོགས་དང་དྲན་པའི་

བཞུར་རྒྱུན་གཉིས།

རྦད་དེ་ཡ་བྲལ་དུ་སོང་བའི་སྐབས་འདིར།

ཞེན་ཆགས་ཀྱི་ཐ་གུ་ལ་བསྒྲིམས་པའི་དྲོད་ཐིག་སྟེ།

རྒྱང་རིང་གི་གདུང་བ་ཞིག་ལས་མ་འདས།

ཉི་འོད་དང་ཁ་ཐག་ཉེ་བའི་ཕ་ཡུལ་གྱི་

པང་དུ་ཡོད་དུས།

ང་རང་གཞན་ཡུལ་གྱི་མཛེས་སྡུག་ལ་

ཕྱོགས་པར་མོས།

ཐག་རིང་གི་གནས་མལ་ལ་མུན་པ་འཐིབ་དུས།

གཞི་ནས་རང་ཡུལ་གྱི་མེ་དྲོད་དང་

ཁ་བའི་རང་མདངས་ཚོར་འོང་།

དེ་ལྟར་དྲན་པ་ལ་གཤོག་པ་ཐོགས་

ནས་གནམ་འཕང་གཅོད་ཐེངས་རེར།

འདུ་འབྲལ་གྱི་འཁོར་བ་ལོངས་སུ་སྤྱོད་

ཀྱིན་པའི་ཕལ་བའི་མི་དག།

དྲན་གདུང་དང་བྲེལ་འཚུབ་ཀྱི་ཀློང་ནས།

འཇིག་རྟེན་གྱི་མཛེས་པ་ཡོད་ཚད།

ཐག་རིང་ཐག་རིང་ཞིག་ལ་ཡོད་སྣང་གིས།

རང་ལ་དབང་བའི་ལོ་ཟླའི་རླབས་རིས་

མཐའ་དག་ཆུ་བོའི་གཞུང་ལ་བཏབ་དུས།

མི་ཚེ་ནི་སྒལ་ཚིགས་དང་བྲལ་བའི་ཅི་འདྲའི་

ཁྲེལ་གཞུང་མེད་མཁན་ཞིག་རེད་ཨང་སྙམ།

སློབ་གྲོགས་ལགས། ཁྱོད་ཀྱིས་བསམས་ན།

འདི་ལ་ཆོས་ཉིད་ཅེས་པའི་ཐ་སྙད་དེ་མཛའ་

མོ་རང་འདུག་གམ།

༼ ལྷ་ཚང་ཚུལ་བསྟན།༽