国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་ཧུར་ཐག་སྤོས་ནས་ཧྲན་ཞིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ གཏོང་བའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་བརྩམ་དགོས།

( པར་ངོས་དང་པོར་མཐུད།)

སྤྱི་ཟླ7ཚེས7དང8ཉིན། ཞི་ཅིན་ཕིང་ཧྲན་ཞི་ཞིང་ཨུའི་ཧྲུའུ་ཅི་ཐང་ཏེང་ཅེ་དང་ཞིང་དཔོན་ལུའུ་ཏུང་ལེང་གི་ཕེབས་རོགས་འོག། དབྱང་ཆོན་དང་ཐའེ་ཡོན་དུ་རྟོག་ཞིབ་གནང་བར་སྔ་རྗེས་སུ་ཕེབས་པ་རེད།

མདའ་ཤོག་བརྒྱའི་དམག་འཐབ་ཆེན་པོ་ནི་རི་འགོག་དམག་འཁྲུག་ཁྲོད་ཀྱི་གཡུལ་འགྱེད་གལ་ཆེན་ཞིག་ཡིན་པས། རི་འགོག་དམག་འཁྲུག་མཐར་ཕྱིན་པ་རྒྱག་པའི་རྒྱལ་ཡོངས་དམག་དམངས་ཀྱི་སེམས་ཤུགས་ཆེན་པོ་འཕེལ་ཡོད། ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་ཧྲན་དུ་གནས་པའི་མདའ་ཤོག་བརྒྱའི་དམག་འཐབ་ཆེན་པོའི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་ཕེབས་ནས་དམག་སྡེ་བརྒྱད་པའི་སྔོན་གཤེགས་དཔའ་བོ་ཚོར་མེ་ཏོག་སི་ར་ཕུལ་བ་དང་། དེ་རྗེས་ཁོང་གིས་མདའ་ཤོག་བརྒྱའི་དམག་འཐབ་ཆེན་པོའི་དྲན་གསོ་ཁང་གི་འགྲེམས་སྟོན་ལ་གཟིགས་པ་རེད། ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་རྩ་ཆེན་དངོས་རྫས་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་དམངས་ཀྱི་འགོ་ཁྲིད་ནས་དགྲ་ལ་མཉམ་སྡང་དང་དགྲ་བོའི་བརྙས་བཅོས་ལ་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཡང་ཡང་ཕེབས་མཚམས་བཞག་ནས་འགྲེམས་དངོས་དེ་དག་ལ་ནན་ཏན་ངང་གཟིགས་ཀྱིན་ཐུགས་བསམ་ཟབ་མོ་བཞེས། ཁོང་གིས་མདའ་ཤོག་བརྒྱའི་དམག་འཐབ་ཆེན་པོའི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་པོ་ཆེ་ལས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ཁྲོད་ཀྱི་རང་རེའི་ཏང་གི་སྲོག་ཤིང་གི་ནུས་པ་གང་ལེགས་མངོན་པ་དང་། ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་འཁྲུག་གི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། རི་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོ་བཤད་ནས། རི་འགོག་གི་སྙིང་སྟོབས་རླབས་པོ་ཆེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

དྲན་གསོ་ཁང་གི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་ལྟ་སྐོར་ལ་ཡོང་མཁན་གཞོན་ནུ་ལོ་ཆུང་སློབ་མ་དང་དྲན་གསོ་ཁང་གི་ལས་དོན་མི་སྣར་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས་ལོ་ངོ88གོང་གི་དེ་རིང་བྱུང་བའི“བདུན་པའི་ཚེས་བདུན་གྱི་དུས་འགྱུར”ནི་ཀྲུང་ཧྭ་མི་རིགས་ཀྱིས་རི་པིན་བཙན་འཛུལ་བར་ཕྱོགས་ཡོངས་ནས་འགོག་རྒོལ་བྱེད་པའི་འགོ་འཛུགས་ས་ཞིག་རེད། སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར། འདིར་ཡོང་དོན་ནི་བསམ་བློར་ཞུན་བརྡར་སྤྲོས་ཆེད་ཡིན། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོ་དུས་བཟང་འདིར་སྐྱེས་པས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི་ཕུགས་བསམ་ཆེན་པོ་བཅངས་ནས། བདེན་པ་བདེན་ཐུབ་དང་གཟི་བརྗིད་སྤོབས་སེམས་ལྡན་པའི་ཀྲུང་གོ་བ་ཞིག་བྱས་ཏེ། བློ་ཁོག་ཆེན་པོས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་དགོས་ཞེས་གསུངས་པ་རེད།

ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱང་ཆོན་སྟེམ་སྒོ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཉེ་བའི་ལོ་ཤས་རིང་ཧྲན་ཞི་ཡིས་ཞིང་ཆེན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་ཚུལ་གྱི་སྙན་ཞུར་གསན་རྗེས། ཁོང་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ཏེ། སོལ་རླངས་གཅོད་སྒོ་དང་གློག་སྒུལ་པང་སློག་སྟེམ་སྒོ་སོགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་དགོས་མཁོ་ཁོང་དུ་ཆུད་པ་དང་ཚན་རྩལ་གསར་གཏོད་ལ་ཤུགས་བརྒྱབ་སྟེ། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ཁེ་ལས་ཀྱི་ལས་མི་ཚོར། རང་རྒྱལ་གྱི་བཟོ་ལས་འཕེལ་རྒྱས་དེ་སྔོན་ཐོ་བས་རེ་རེ་བཞིན་བརྡུངས་ནས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་ད་ཆ་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་ལ་བརྟེན་ནས་ཆུ་ཚད་མཐོ་རུ་གཏོང་དགོས། དངོས་ལས་ཀྱིས་རྒྱལ་ཁབ་དར། དངོས་སྒྲུབ་ཀྱིས་རྒྱལ་ཁབ་འཕེལ། ཁྱེད་ཚོས་ཡང་འབད་བསྐྱར་འབད་དང་ཡག་ཐོག་ཡག་བརྩེགས་བྱས་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་བྱས་རྗེས་མང་ཙམ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གསན་ཞིང་། ཧྲན་ཞིའི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བར་མ་ཟད་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་ཡང་བཏོན་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་ཀྱི་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཕྱོགས་སྒྱུར་ཕྱོགས་བསྡུས་ལེ་ལག་ཚང་བའི་བསྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་དཀྲིས་པའི་འཐབ་ཇུས་ལས་འགན་ཞིག་ཡིན་པས། བསམ་བློ་སྔར་བས་གཅིག་གྱུར་དང་ངེས་ཤུགས་རྒྱུན་འཁྱོངས་ཏེ། ཕྱོགས་སྒྱུར་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ནུས་རྒྱུ་ཕྱོགས་སྒྱུར་དང་། ཐོན་ལས་རིམ་སྤོར། སྣ་མང་འོས་འཚམ་འཕེལ་རྒྱས་བཅས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་གློག་དང་རྡོ་སོལ་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་བརྟན་པོ་འཁུར་བའི་སྔོན་འགྲོའི་ཆ་རྐྱེན་འོག། རྡོ་སོལ་ཐོན་ལས་དམའ་རིམ་ནས་མཐོ་རིམ་བར་དང་། རྡོ་སོལ་ཐོན་རྫས་ཐོག་མའི་འབུད་རྫས་ནས་རིན་ཐང་མཐོ་བའི་ཐོན་རྫས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་རང་རྒྱལ་གྱི་ནུས་རྒྱུ་དང་མ་བཅོས་རྒྱུ་ཆའི་རྟེན་གཞི་གལ་ཆེན་ཆུ་ཚད་མཐོན་པོས་བསྐྲུན་རྒྱུར་དམིགས་ནས། རླུང་གློག་དང་། འོད་ཤུགས་གློག་གཏོང་། ཆིང་ནུས་སོགས་ཀྱི་ནུས་རྒྱུ་ལེ་ལག་ཚང་བའི་འཕེལ་རྒྱས་བཏང་སྟེ་ནུས་རྒྱུའི་མ་ལག་གསར་པ་བསྐྲུན་དགོས། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱས་ཏེ། ཧྲན་ཞིའི་ཁྱད་ཆོས་མངོན་པ་དང་དགེ་མཚན་ཆེ་རིགས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་རིམ་བཞིན་ཆགས་པར་བྱེད་དགོས། སྣ་མང་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡག་པོ་སྤྱོད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་ངང་བསྒྱུར་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བར་ངེས་པར་དུ་བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོར་བསྲུང་དགོས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་རྒྱག་པ་དང“རྒན་གཅིག་གཞོན་གཅིག”སོགས་གཙོ་གནད་དམངས་འཚོ་འགན་སྲུང་ཞབས་ཞུར་ཤུགས་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་པོ་ཡོང་བར་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་ནས་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། རི་བོ་དང་། ཆུ་བོ། མཁའ་རླུང་། གྲོང་ཁྱེར་བཅས་བཅོས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། བྱེ་འགོག་བྱེ་བཅོས་དང་ཆུ་བོའི་འབབ་རྒྱུད་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གཏེར་རིའི་སྐྱེ་ཁམས་ཉམས་གསོ་ཏན་ཏིག་བྱེད་པ་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་འདོམས་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། མིག་སྔར་ཆུ་རྒྱས་པའི་དུས་སུ་སླེབས་པས། འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་སྔོན་ཇུས་དང་གནོད་འཚེ་འགོག་བསྙུང་དང་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ངེས་པར་དུ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་དད་སེམས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་པ། དམ་ནན་གྱི་དགོངས་གཞི་དང་། དམ་ནན་གྱི་བྱ་ཐབས། དམ་ནན་གྱི་རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་། གནད་དོན་བཤེར་འདོན་ངོ་མ་བྱེད་པ། དག་ཐེར་བྱ་ཐབས་ཏན་ཏིག་འདོན་པ་བཅས་བྱས་ནས། ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)