国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱུགས་ར་ལག་རྩལ་སློབ་ཁང་དུ་བསྒྱུར།

ཕྱག་ཕྲེང་རྫོང་གིས་གསོ་སྦྱོང་བྱེད་ཐབས་བཏོད་ནས་ཕྱུགས་ལས་འཕེལ་ རྒྱས་བཏང་།

ཕྱུགས་ར་ནི་ལག་རྩལ་སློབ་ཁྲིད་བྱེད་སའི་སློབ་ཁང་དུ་གྱུར་ཡོད། སྤྱི་ཟླ7པའི་ཚེས2ཉིན། དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གིས་ཕྱུགས་ལས་རྩལ་ནུས་སྤར་བའི་འཛིན་གྲྭ་ཐད་ཀ་ཕྲེང་སྟོད་གྲོང་རྡལ་གྱི་རྟ་ར་སྒང་འབྲོག་ར་རུ་སྤོས་ཡོད། ཞིང་ཆེན་ཕྱུགས་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་སྣེ་ཁྲིད་འོག་གཞི་རིམ་ཕྱུགས་ལས་པ11ཐོན་སྐྱེད་ཡུལ་དངོས་སུ་རྩལ་ནུས་བཟང་པོ་སློབ་སྦྱོང་བྱེད་བཞིན་ཡོད། ཕྱུགས་ར་ལག་རྩལ་སློབ་ཁྲིད་བྱེད་སའི་སློབ་ཁང་དུ་བསྒྱུར་པའི་གསར་གཏོད་བྱེད་སྟངས་དེ་ས་གནས་དེ་གའི་ཕྱུགས་ལས་ཐོན་ལས་ལ་ནུས་འབྲས་ཐོན་པ་དང་ཡུལ་སྡེ་དར་རྒྱས་ལ་ཕན་ཐོགས་པའི་ལག་ལེན་གསར་པར་གྱུར་ཡོད།

ཁྲག་བསྡུ་ལེན་གྱི་དངོས་སྦྱོང་བརྒྱུད་རིམ་ཁྲོད། ཞིང་ཆེན་ཕྱུགས་རིགས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་སློབ་མ་ཚོར་དངོས་སུ་མཛུབ་སྟོན་བྱེད་ཞོར་སྐྲག་དགོས་མ་རེད། སྐེའི་སྡོད་རྩར་རག་ནས་ཁྲག་རྩའི་ལྡེམ་ཤུགས་གཟབ་ནན་གྱིས་ཚོར་དགོས་ཞེས་བཤད། སྲོལ་རྒྱུན་གྱི་གསོ་སྦྱོང་སྤེལ་སྟངས་དང་མི་འདྲ་བར་ད་ཐེངས་ཀྱི་གསོ་སྦྱོང་ཐད་ཀར་ཕྱུགས་རའི་ནང་སྤེལ་བ་རེད། རིགས་གཅིག་མཁས་ཅན་གྱིས་དང་ཐོག་སྲོག་ཆགས་ཀྱི་རིམས་ནད་རིག་པའི་བརྟག་དཔྱད་དང་། ཁྲག་ལེན་ཚད་ལྡན། ཉེན་མེད་གཙོ་གནད་བཅས་ལ་དབྱེ་ཞིབ་བྱས་རྗེས། འཕྲལ་མར་ཡུལ་དངོས་སུ་སྦྱོང་བརྡར་བྱེད་འགོ་བརྩམས། རིགས་གཅིག་མཁས་ཅན་གྱིས་ཉེན་མེད་འགན་སྲུང་དང་ཚད་ལྡན་དུག་སེལ། གནད་དུ་འཁེལ་བའི་ཁྲག་བསྡུ་ལེན་བཅས་བརྒྱུད་རིམ་སོ་སོ་རེ་རེ་བཞིན་སློབ་ཁྲིད་དཔེ་སྟོན་བྱས་ནས་སློབ་མ་ཚོས་ཡུལ་དངོས་སུ་ལག་ལེན་བསྟར་བར་གོ་བ་ཟབ་མོ་ལོན་པ་དང་འབྲེལ་ཡོད་ཀྱི་རྩལ་ནུས་གོང་འཕེལ་ཆེན་པོ་བྱུང་ཡོད།

ཡུལ་དངོས་ཀྱི་སློབ་སྦྱོང་གི་ཁོར་ཡུག་ལེགས་ཤིང་། སློབ་མ་ཚོས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཁྲག་བསྡུ་ལེན་གྱི་བཀོལ་སྤྱོད་ལེགས་གྲུབ་བྱུང་ཡོད། ད་ཐེངས་ཕྱུགས་རར་སྤེལ་བའི་གསོ་སྦྱོང་འདིས་གཞི་རིམ་ལག་རྩལ་གྱི་ཞན་ཆ་ཐད་ཀར་དམིགས་ནས་ཕན་ཆེན་པོ་ཐོགས་ཡོད། ཕྱག་ཕྲེང་རྫོང་ཞིང་ལས་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་བྱ་ཐབས་དེའི་དམིགས་ཡུལ་ནི་གནད་དུ་འཁེལ་བའི་ལག་རྩལ་ཕུལ་དུ་བྱུང་བའི་གཞི་རིམ་རིམས་འགོག་རྐང་འཛིན་དཔུང་ཁག་གཅིག་སྦྱོང་བརྡར་བྱས་ཏེ། ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྒུལ་ཤུགས་ཆེན་པོ་སྣོན་ཆེད་ཡིན། མ་འོངས་པར། དེ་འདྲའི་མང་ཚོགས་ལ་མཐུན་ཞིང་རྣམ་པ་མང་བའི་ནུས་རྩལ་གསོ་སྦྱོང་མུ་མཐུད་དེ་སྤེལ་ཅི་ཐུབ་བྱས་ནས་ཡུལ་སྡེའི་ཤེས་ལྡན་མི་སྣ་དར་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)