རྒྱང་རིང་དུ་ལུས་སོང་བའི་དྲན་པ་མཐའ་དག།
ཚང་མལ་བོར་བའི་བྱེའུ་ཞིག་དང་འདྲ་བར།
ཡུལ་གདུང་གིས་མནར་ཞིང་ཡི་མུག་གེར་ལུས།
ནམ་ཞིག་དྲན་གདུང་གིས་དྲུད་པའི་
རྣམ་ཤེས་འདི་འང་།
སེམས་ཀྱི་བསྟི་གནས་སུ་སླེབས་ཐུབ་པར་བྱུང་ན།
ང་ལ་ཁ་བ་ལྟ་བུའི་དབྱངས་
རྟ་གྲངས་མེད་ཅིག་འཁྲོལ་བྱ་ཡོད་ངེས་ལ།
དབྱངས་རྟ་དེ་དག་ནི་ཕ་ཡུལ་གྱིས་
དཀྲོལ་བའི་གདངས་གསར་པ་ཞིག་ཀྱང་ཡིན་ངེས།
མེ་ལོང་ལྟ་བུའི་སེམས་ཀྱི་ཆུ་ཤེལ་དུ།
སྨེང་བའི་མིག་ཆུ་རྡོག་པོ་གཅིག་འདྲིལ་བ་
དང་འདྲ་བའི་
ཕྱི་རོལ་གྱི་གནམ་གཤིས་དང་མི་ཚོགས་
ཀྱི་ཁ་རླངས།
ལག་མཐིལ་དང་འདྲ་བའི་ནམ་མཁའ་
ཆུང་ཆུང་དེའི་འོག་ཏུ་
ངའི་རྟོགས་བཏགས་ཀྱིས་བཟོས་པའི་
བྱ་ཁྱུ་དེ་འཕུར་ལམ་མེད་ལ།
ངའི་རང་དབང་གིས་བཏང་བའི་
ཤོག་བྱ་ལྗང་ཁྲ་དེའང་འཕུར་ལམ་མེད།
ཐ་ན ལག་པ་ཙམ་རྐྱོང་སའི་བར་
སྣང་སྟོང་བ་ཞིག་ཀྱང་མེད།
རྒྱང་རིང་རྒྱང་རིང་ཞིག་ལ་བསམ་བློ་
ཏོག་ཙམ་རེ་བཏང་ན།
ཁོད་ཡངས་པའི་མཐོ་སྒང་གི་
ནམ་མཁའ་དེ་དྲན་ཡོང་ལ།
རང་དབང་གི་བྱ་ཁྱུ་ཅི་དགར་
གཏོང་ཆོག་སའི་ངའི་མཐོ་སྒང་གི་
ནམ་མཁའ་དེ་དྲན་ཡོང་།
༼ གཡེར་མ། ༽
