国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟེས་དབང་གི་མཛའ་མོ།

ཅི་ཡང་ཆ་མི་འཚལ་བའི་ཕྱི་དྲོ་ཞིག་ལ། ལས་དང་རྟེན་འབྲེལ་ལམ་རྣམ་སྨིན་རྒྱུ་འབྲས་ཤིག་གི་འཁོན་དུ་གྱུར་པའི་ལན་ཆགས་ཀྱི་དབང་གིས། ཁོ་བོ་ཨ་གསར་གདོང་འབག་གིས་སྒོ་གསུམ་གཏམས་པའི་མཛའ་མོ་ཞིག་དང་ཐོག་མའི་བརྩེ་ཞེན་གྱི་ཆུ་བོ་ལ་སྲ་བརྟན་གྱི་ཟམ་པ་བཙུགས་སོང་།

སྐབས་དེར་ཕན་ཚུན་སེམས་ཀྱི་ནང་སྙིང་ལ་བསྐྱིལ་ཤིང་། སྲོག་གི་བྱེད་པོ་རུ་ཡང་བསྐོས་སོང་། མཛའ་མཐུན་དར་དཀར་གྱི་རྨུ་ཐག་མི་ཚེའི་ཆུ་རྒྱུན་ལ་དཔྱངས་ཤིང་དུང་སེམས་འགྱུར་མེད་ཀྱི་བུ་རམ་མངར་མོ་སྲོག་གི་དབུགས་རྒྱུན་མ་འགག་བར་གྱི་ཟས་སྐལ་དུ་བསྒོམས་ཡོད། སྟེས་དབང་གི་མཛའ་མོ།

བརྩེ་བ་འདི་དག་ངེད་གཉིས་ཀྱི་མི་བརྗེད་དྲན་པའི་རྟེན་དང་མི་འབོར་མུ་ཏིག་གི་དོ་ཤལ་དུ་བསྒྲིལ་ནས་སྐེ་ལ་བཏགས་པ་ཡིད་ལ་འཆར་རམ། ང་ལ་མཚོན་ན་འདི་དག་ནི་རང་གི་བརྩེ་བའི་ལོ་རྒྱུས་ཡིག་ཚགས་སུ་བཀོད་པའི་བརྩེ་དུང་གི་དག་ཞིང་དུ་དགའ་སྤྲོ་ཡི་འཚོ་བ་ལོངས་སུ་སྤྱད་པའི་ལོ་ཟླ་ཡིན་ལ། གཡའ་མ་གོས་པའི་དྭངས་གཙང་སེམས་ཀྱི་དྲན་ཐོ་དམར་པོ་དེ་ཡང་ཡིན།

ཨ་གསར་དང་རྫུན་གཏམ་གྱི་མཇུག་ལ་ཡིད་ཆེས་དང་བློ་གཏད་མེད་པ་གོ་ཡང་། ཞིབ་དཔྱད་ཀྱི་བློ་མིག་བྲལ་ཞིང་བདེན་ཞེན་ལ་དད་སེམས་བསྲིངས་པའི་གང་ཟག་དེས་གཞུང་དྲང་དང་བློ་དཀར་གྱི་བྱ་བ་སྒྲུབ་ཚེ་བྱས་ལན་ངན་པ་ཞིག་ཡོད་པ་ག་ལ་རྟོགས། མི་ཚང་མ་སྔོན་ཆད་ཁྱོད་དང་འཕྲད་མྱོང་བའི་མི་དང་ག་ལ་མཚུངས། མི་ཚང་མ་ལ་བལྟོས་བཅས་ཀྱི་རང་གི་གཤིས་ཀ་དང་སེམས་རྒྱུད་ཅིག་ངེས་པར་ཡོད་སྲིད། སྔོན་ཆད་ཁྱེད་འཕྲད་མྱོང་བའི་མི་དག་གིས་ཁྱོད་ལ་རྫུན་ཚིག་དང་ཉོག་གཏམ་གྱི་བླུན་བཤད་ཁོ་ན་བྱས་པས་ཁྱོད་ཀྱི་སེམས་པ་དེ་ཡ་ང་རེ་ཆད་ཀྱི་གནས་ཤིག་ཏུ་བསྒྱུར་བ་ཡིན་ནམ། ཡང་ན་མ་རྟོགས་ལོག་རྟོགས་ཀྱི་བག་ཏུ་ཚུད་ནས་དུངས་སེམས་ཀྱི་མཛུབ་དཀྲིས་ལ་གས་ཆག་ཤོར་སོང་བ་ཡིན། འོན་ཀྱང་ཁོ་བོས་ནི་ལྷད་མེད་དྭངས་གཙང་གི་མིག་ཟུང་ཁྱེད་ལ་བགྲད་ཅིང་། འགྱུར་མེད་བརྩེ་བའི་སྒོ་གསུམ་ཁྱེད་ལ་ཕུལ་ཡོད།

ང་ཚོ་འགྲོ་བ་མི་ལ་ཆེས་ལེགས་པའི་རེ་བ་ཡོད་དགོས་ལ་ཆེས་ངན་པའི་གྲ་སྒྲིག་ཀྱང་ཡོད་དགོས། ཁོ་བོའི་བསམ་པའི་གཏིང་རིམ་ནས་ཁྱེད་དང་ལྷན་དུ་དགའ་བའི་མེ་ཏོག་གི་ཟེའུ་འབྲུ་མཉམ་འཐུ་དང་སྐྱོ་བའི་སྡུག་བསྔལ་གྱི་མཆི་མ་མཉམ་ཕྱི་བྱེད་བསམས་ཡོད། ཁྱེད་ཀྱིས་རྟོག་སྲིད་དམ། རང་གི་ཆེས་ཉེ་ས་དང་སྙིང་གི་ཟབ་ས་རུ་བསྐྱིལ་ཡོད་པའི་མི་བུ་དེས་ཁྱོད་ལ་གྱེས་བརྡ་དང་ཚུལ་མིན་གྱི་བྱ་སྤྱོད་སོགས་ལ་གོམས་པར་བྱེད་ཚེ་ཁྱོད་ཀྱི་སྙིང་ག་ཙམ་འཁྱག་སྲིད། ཡིད་ཐང་ག་ཙམ་ཆད་སྲིད། ཁོ་བོ་ཡང་དེ་དང་མཚུངས་ཏེ། སེམས་ཀྱིས་བཟོད་དཀའ་ཞིང་བློ་ཡིས་མི་ལྕོགས་པའི་གནོང་འགྱོད་དྲག་པོ་ཞིག་གིས་ཁོ་བོ་ཡོངས་སུ་གཟིར་ནས་ཡོད། ཁྱོད་ཀྱིས་དེ་དག་ཚོར་མ་མྱོང་བ་ཡིན་ནམ། མིན་པ་འདྲ་སྟེ། ཁྱོད་ཀྱིས་བྲོ་བ་ཡོངས་སུ་མྱངས་ནས་ད་གཟོད་མི་ཚང་མར་ཨ་ཐང་ཆད་ཅིང་། ཚང་མར་གཅིག་མཐུན་གྱི་ལྟ་ཚུལ་བཟུང་བ་ཡིན་ངེས། རང་གི་དྲང་བདེན་ལས་སྨིན་པའི་འབྲས་བུ་སྡུག་བསྔལ་བ་དེ་གཞན་གྱི་བདེ་སྐྱིད་ཀྱི་ས་ཞིང་གཤིན་པོ་རུ་འདེབས་ག་ལ་རུང་། ཡོད་ཚད་ཁྱེད་ཀྱི་བློ་ངོར་འཆར་བ་ལྟ་བུའི་ཡིད་རྟོན་མེད་པའི་བྱམས་མེད་བརྩེ་མེད་ཁོ་ན་ག་ལ་ཡིན། ཁྱེད་ཀྱི་བསམ་ཚུལ་དེར་དཔྱད་ན་ཁོ་བོས་ཁྱེད་ལ་ག་ཤེད་ཅིག་ནས་རྨ་ཁ་ཆེན་པོ་ཞིག་ཕབ་ཡོད་ཤས་ཆེ། ཡིན་ཡང་སྟེས་དབང་གི་མཛའ་གྲོགས་ཚང་མ་ལ་ལྟ་ཚུལ་གཅིག་པ་མ་འཛིན། བརྩེ་ཞེན་ལ་དད་པ་ཡོད་པའི་མི་ལ་ངོ་མ་ལོག །ཡང་ན་ལས་སླ་མོའི་ངང་གཞན་ལ་འབྲེལ་ལམ་མ་འཛུགས་རོགས། འདི་ནི་ཁོ་བོས་ཁྱོད་ལ་བཅངས་པའི་རེ་བ་ཉག་ཅིག་ཡིན་ལ། ཆེས་མཐའ་མའི་རེ་བ་ཞིག་ཀྱང་ངོ་། ། ༼ སྨུག་བློ། ༽