国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་ངོགས་ཀྱི་མེ་ཏོག།

གླུ་གར་སྟེཊ་མཐོ་ཚད་ཞབས་ཀྱི་བཅགས་པའི།།

གཟུགས་སྐྱེ་འབྲས་སྨིན་ལེགས་ཨ་ཅག་པད་མཚོ།།

ངག་མགྲིན་པའི་སྒོ་མོ་ཕྱེས་ཐེངས་རེ་ལ།།

སྡེ་ལྟད་མོ་བ་དག་བརྒྱལ་བ་ཐོས་སམ།།

མ་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་མིན་ལ།།

གླིང་སེང་ལྕམ་འབྲུག་མོ་སྐྱེ་བ་མིན་ཡང་།།

ལྷ་དབྱངས་ཅན་མ་ཡི་ནུ་མོ་འདྲ་བའི།།

སྨན་ཁྱོད་ཀྱིས་མི་སེམས་སྤྲུག་སྤྲུག་བཏང་འདུག།

ཞལ་མེ་ཏོག་དཀར་ལ་དམར་མདངས་ཆགས་པ།།

བྲང་མྱོས་བུམ་རློན་པ་འོ་མས་རྒྱས་འདྲ།།

སྐྲ་ལྕང་ནག་ལོ་མ་རླུང་གིས་སྐྱོད་བཞིན།།

གླུའི་ཕོ་བྲང་ཁག་ནས་འཁྱོར་འགྲོས་བྱེད་དུས།།

ས་མགོ་ལོག་ཐོས་ན་ཁྱེད་རང་དྲན་ཡོང་།།

གནམ་མགོ་ལོག་རིག་ན་ཁྱེད་ཞལ་མཇལ་འདོད།།

ཁྱེད་འུ་གཉིས་འབྲེལ་བ་མེད་པ་བདེན་མོད།།

གསུང་སྙན་མོ་དེ་གས་ཡིད་དབང་འཕྲོག་སོང་།།

མི་བརྒྱ་ཕྲག་སྟོང་འདུས་དབུས་ཀྱི་སྨན་ཆུང་།།

ལག་ཐལ་སྒྲའི་དགའ་བསུ་འབྲུག་བརྒྱ་ལྡིར་ཞིང་།།

སེམས་མགུ་འབོད་བྱེ་བས་གནམ་ས་བཀང་དུས།།

ཕྲན་བརྙན་མིག་ནང་དུ་ཧད་དེ་ལུས་ཡོད།།

གཤིས་མ་བཅོས་ངང་ངམ་ཤུགས་ཀྱིས་འཛུམ་སྟེ།།

སྐད་བདེ་མོས་གན་དག་ཟིལ་གྱིས་མནན་དུས།།

ལུས་བོད་ལྭ་གྱོན་པའི་རིགས་ཀྱི་བུ་མོ།།

མིག་རྣ་བ་ཟུང་གི་དཔལ་ཡོན་རེད་བཞག།

ངག་མགྲིན་པའི་ཚལ་གྱི་གླེང་གཞི་ཁྱེད་རང་།།

དབྱར་ཟླ་བ་དྲུག་པའི་མེ་ཏོག་དང་ནི།།

ཚིག་ཐ་སྙད་ནང་གི་ཡང་སྙིང་ཡིན་དོན།།

མིའི་སེམས་རྩ་དཀྲུག་པའི་རྣམ་སྨིན་ལོས་ཡིན།།

སྨན་མཛངས་མའི་ནང་གི་མཛངས་མ་ཁྱེད་རེད།།

གླུ་བླངས་ན་ཁྱད་ཆོས་གཞན་དང་མི་འདྲ།།

སྨན་མཛེས་མའི་ནང་གི་མཛེས་མ་ཁྱེད་རེད།།

ཞལ་མཐོང་ན་ཚོར་བ་གཞན་དང་མི་མཚུངས།།

སེམས་སྙི་མོའི་གཤིས་སུ་སྤྲོ་བ་སྐྱེད་པའི།།

དབྱངས་སོར་མའི་རྒྱུད་སྐུད་ད་དུང་དཀྲོལ་དང་།།

ངས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་འདྲ་བའི།།

ཚིག་དམར་དཀར་བཏུ་སྟེ་ལེགས་སྐྱེས་འབུལ་ཡོང་།།

སྨན་བུ་མོ་ཤ་ཞེན་རུས་དུང་ཅན་མ།།

བོད་སྲིད་པའི་གངས་རྒན་མ་ཞིག་བར་དུ།།

གླུ་དྲི་ཟའི་རོལ་མོས་འཇིག་རྟེན་སྒུལ་བའི།།

མ་ཚངས་སྲས་ལྷ་མོར་སྐྱབས་མཇུག་ཞུ་འདུག།

༼ མཱ་ལིན་ནཱ། ༽