国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་དོན་བདུན་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )

ཞིང་པ་ཚོས་སྲན་མ་སྨིན་ལེགས་པར་རྫོགས་པ་ལ་འཁོགས་ཟེར། སྲན་མ་འཁོགས་ནས་གོང་བུ་དང་ཡུ་བ་རྣམས་སེར་སྐྱར་གྱུར་ཅིང་རྩེ་མོར་ད་དུང་སྔོན་པོ་ཅུང་ཙམ་རེ་ལུས་པའི་དུས་འབལ་བའི་དུས་ལ་རན་ཞིང་། ཤིན་ཏུ་འཁོགས་པ་རྐང་ནས་རྩེ་མོའི་བར་དུ་སྐམ་པོ་ཁ་དོག་སྐྱ་ནག་ལྟ་བུར་གྱུར་དུས་བལ་ན་གོང་བུ་སྐེ་ཆད་པ་དང་སྲན་འབྲུ་ཐང་ལ་ཐོར་བར་འགྱུར་བ་དང་། སྨིན་མ་ཐུབ་པ་སྔོན་པོ་བལ་ན་སྲན་འབྲུ་རྡོག་ཆུང་བ་དང་ཁ་མདོག་སྔོ་བ། འབྲུ་ཤ་རྒྱགས་མ་ཐུབ་པ། ཡོང་འབབ་ཉུང་བ་སོགས་ཀྱི་སྐྱོན་འབྱུང་བ་ཡིན། སྟར་ག་དེད་སྟངས་ནི་ཕལ་ཆེར་ནས་དང་མཚུངས། བལ་སྟངས་ནི་ལག་པ་གཡོན་པའི་སྤར་བ་ཁ་ཐུར་དུ་ཕྱོགས་ཤིང་སྲན་ཡུའི་རྩ་བར་བཟུང་ནས་ཅུང་འཐེན་བཞིན་གཡས་པས་ཟོར་བ་ས་ལ་བྲད་ཅིང་འཐེན་ཏེ་རྩ་བ་ནས་བལ་བའམ་བཅད་པ་ཡིན།སྤར་བ་གཡོན་པར་ཚད་ངེས་ཅན་རེ་སོགས་རྗེས་སྲན་སྐུད་ཀྱིས་རྩ་བའི་སྣེ་མོ་ནས་ཕྱོགས་ཙམ་ཆུན་པོར་བསྡམས་པར་སྲན་ཆག་ཟེར། སྲན་ཆག་ཏུ་བསྡམས་རྗེས་ལག་པ་གཡོན་པས་སྲན་རྩ་གྱེན་དུ་གཏད། སྲན་མགོ་ས་ལ་བསྐོར་ནས་ཅུང་ཟད་བར་སྣང་དུ་ཡར་བཀྱགས་ཏེ་རྒྱབ་ཕྱོགས་ཀྱི་ས་ལ་ག་ལེས་ཙོག་པུར་བཞག་ཅིང་། དགོས་པ་ནི་ཆར་པས་སྲན་ཁུ་དག་ནས་མི་རུལ་བ་དང་མགོ་སྨིན་ཐག་ཆོད་པ་སོགས་ཕལ་ཆེར་ནས་ཀྱི་སྐབས་དང་འདྲའོ།།