གྲོ་ནི་སྲན་ནས་གཉིས་ལས་འབྲུ་སྙེ་ཐོར་བདེ་བ་དང་འབྲས་བུ་བང་རུལ་སླ་བ་ཡིན་པས་ནམ་མཁའ་གཡའ་དག་ཅིང་ཉི་མ་དྲོ་བའི་དུས་སུ་བརྔ་བར་མ་ཟད། སྔ་དྲོ་ཟིལ་བ་བསྐམས་རྗེས་མ་གཏོགས་ཟིལ་བ་དང་བཅས་པའང་རྔ་མི་རུང་། བམ་པོའང་ངེས་པར་དུ་ཆུན་པོ་ཆུང་ཆུང་ལས་ནས་ཀྱི་བམ་པོ་ལྟ་བུ་ཆེན་པོར་མི་བསྒག། བརྔས་རྗེས་སུ་ཡང་སྲན་ནས་བཞིན་དུ་ཞིང་ནང་དུ་ཡུན་རིང་མ་བཞག་པར་བརྔས་མ་ཐག་ནས་ཁྱིམ་ལ་བསྐྱས་ཏེ། སྤྱིལ་བུ་དང་ཁང་ཤོད། བད་གཡམ་སོགས་ཆར་ཆུ་དང་ཉི་ཟེར་ཐད་ཀར་མི་ཕོག་པའི་གྲིབ་མའི་འོག་ཏུ་གྲིབ་སྐམ་བྱེད་ཅིང་། དེས་གྲོ་འབྲུ་མི་བང་པ་དང་། གྲོ་ཤ་དཀར་བ། གྲོ་ཕྱེ་མི་འཕྱིད་པ། གོར་བཅོས་པ་སོགས་གཡོས་དུས་ཁ་ལ་མཉན་པ། བཟོས་ན་བྲོ་བ་ཞིམ་པ་སོགས་ཀྱི་དགེ་མཚན་འབྱུང་། ཁང་པའི་གདོང་དང་བད་ཡོལ་གྱི་སྟེང་སོགས་ལ་གཟར་བ་དང་། གྲོ་མདོང་བཏགས་པ། བད་ཀའི་འོག་ཏུ་ཚར་ལྕོག་བརྩིགས་པ་དག་ནི་ཕྱིས་སུ་དར་བ་ཞིག། རྔ་སྟངས་སོགས་ནི་ཕལ་ཆེར་ནས་དང་འདྲ་ཞིང་། སོག་ཡུ་སྲ་ཞིང་གྲོ་སྙེ་མཁྲེགས་པས་རྔ་དུས་མི་ཚོས་མིག་ལ་གནོད་པ་འབྱུང་བ་ལ་དོགས་ཟོན་ལྷག་པར་བྱེད།
འབྲས་བུ་བཟང་ངན་ལ། གྲོ་ནས་ཀྱི་ལྗང་མྱུག་རྐང་མང་པོ་ཕུང་པོ་ཕུང་པོར་སྐྱེས་པ་ནི་མྱུ་གུ་རྐང་རེ་རེ་བཞིན་དུ་སྐྱེས་པ་ལས་ལོ་ཐོག་བཟང་བའི་རྟགས་སུ་རྩི། ལོ་ཐོག་ཡག་པོའི་ཡུལ་དུས་ལ་ཕུང་པོ་གཅིག་ལ་མྱུག་རྐང་ཉུང་ཉུང་ལ་བདུན་ཡན་མན་དང་མང་བ་ལ་དེ་ལས་ལྡབ་ཀྱིས་ལྷག་པ་སྐྱེས། ཞིང་པ་ཕལ་མོ་ཆེས་ཕུང་པོ་ཧྲིལ་པོ་ས་བོན་ནས་འབྲུ་རྡོག་གཅིག་ལས་མྱུ་གུ་དུ་མ་འཕྲོས་ནས་བྱུང་བར་འདོད་བཞིན་ཡོད། འོན་ཀྱང་སོག་མའི་སྡོང་རྐང་གཅིག་ལ་ཡལ་ག་དུ་མ་དང་ཡུ་བ་གཅིག་ལ་སྙེ་མ་གཉིས་རེ་རྒྱས་པ་དེང་སང་ཡང་མཐོང་སྲིད་ཀྱང་ཧ་ཅང་དཀོན་པོ་ཡིན། དཔེར་ན《རྒྱལ་སོགས་གྲུབ་རིགས་རྣམས་ཀྱི་གསུང་རྒྱུན་རྒན་རབས་རྣ་གཏམ་ལེགས་སྤྱད་ཟ་མ་ཏོག་གི་ལྡེའུ་མིག》ཅེས་པ་ལས་ཁབ་རྙེད་ན་ཕུ་ཐུང་གཡོན་དུ་གཟེར་དགོས། ཏིང་དང་རྫ་མ་ཡི་རིགས་སོགས་རྙེད་ན་སོལ་བའམ་དྲེག་པ་བྱུག་ནས་འཁུར་དགོས། སྙེ་མ་མགོ་གཉིས་དང་ནོར་གྱི་སྤུ་ལ་སྒྲོ་སྐྱེས་པ་སོགས་རྙེད་ན་གཡང་རྫས་ཡིན་པས་དགའ་སྤྲོ་དང་བཅས་ཏེ་འཁུར་ཡོང་དགོས་ཞེས་གསུངས་པ་ལྟ་བུ་མེས་པོ་རྣམས་ཀྱིས་ཀྱང་སྙེ་མ་མགོ་གཉིས་ཅན་ནི་ཤིན་ཏུ་དཀོན་པས་གཡང་རྫས་སུ་གཙིགས་ཆེར་བཟུང་སྲོལ་ཡོད། དེའི་སྐོར་ལ་ཡུལ་འདིའི་རྒན་པོ་དགུང་ལོ་བརྒྱར་བཅར་བ་ཚོའི་ངག་རྒྱུན་དུ། གནའ་ནས་སྡོང་རྐང་རེ་ལ་ཡལ་ག་དུ་མ་དང་ཡལ་ག་རེ་ལ་སྙེ་མ་དུ་མ་དང་ལྡན་པ་ཡིན་ཡང་། བུད་མེད་ཅིག་གིས་ཟན་གྱི་ཆང་བུས་ཕྲུ་གུའི་རྐུབ་ཀྱི་མི་གཙང་བ་ཕྱིས་པའི་རྐྱེན་གྱིས་ཇེ་ཉུང་དུ་གྱུར་ཏེ་ཡེ་ནས་མེད་པར་ཉེ་བ་ན་ཁྱི་ཞིག་གིས་ང་ལ་སྐལ་བ་ཞིག་གནང་རོགས་ཞེས་གསོལ་པ་ལ་སྙེ་མ་གཅིག་ལུས་པ་ཡིན། དེ་བས་དེང་སང་མིས་ལོངས་སུ་སྤྱོད་པའི་ནས་ནི་ཁྱིའི་སྐལ་བ་ཡིན་ཞེས་བཤད་སྲོལ་ཡོད། སྲན་མ་ལ་ས་བོན་རྡོག་གཅིག་ལས་མྱུ་གུ་ཡུ་བ་དུ་མ་ཕལ་ཆེར་མི་འཕྲོས་ཀྱང་ཡུ་བ་གཅིག་ལ་ཡལ་ག་དུ་མ་དང་ཡལ་ག་གཅིག་ལ་སྲན་མའི་གོང་བུ་དུ་མ་ཆགས་པ་ཡིན། ནས་མི་བརྒྱ་ཡར་ཀླུང་ཁོག་ལ་བརྒྱ། སྲན་མི་བཅུ་ཡར་ཀླུང་ཁོག་ལ་བཅུ་ཞེས་སྙེ་རྡོག་གཅིག་ལ་ནས་འབྲུ་བརྒྱ་དང་སྲན་མའི་གོང་བུ་གཅིག་ལ་སྲན་འབྲུ་བཅུ་རེ་ནི་ནས་ཀྱི་ཕ་ས་ཡར་ཀླུང་ས་ཕྱོགས་ལ་ཡོད་པ་ལས་འདི་ལ་ཤིན་ཏུ་དཀོན་པར་བརྗོད་པ་ལྟར། སྙེ་རྡོག་གཅིག་ཏུ་ནས་འབྲུ་བརྒྱར་ལོངས་པ་དང་སྲན་མའི་གོང་བུ་གཅིག་ལ་སྲན་འབྲུ་བཅུར་ཟིན་པ་ནི་ལོ་ཐོག་འབྲས་བུ་ཤིན་ཏུ་བཟང་བར་རྩི། འབྲས་བུ་སྨིན་བཟང་ངན་ནི་སྤྱིར་ཆར་ཆུ་གནམ་ཟླ་སོགས་ཕྱིའི་ཁོར་ཡུག་གི་མཐུན་རྐྱེན་དང་འབྲེལ་བ་ཆེ་ཡང་། བདག་པོའི་སོ་ནམ་བྱེད་ཐབས་དང་ལས་ཀའི་འབད་པ་དག་ལ་དེ་ལས་ལྷག་པར་རག་ལས་ཏེ། ཞིང་ལེབ་མོ་གཅིག་གི་འགོ་འདབས་སུ་དུད་ཚང་སོ་སོའི་སོ་ནམ་བྱེད་སྟངས་དབང་གིས་ལོ་ཐོག་སྐྱེ་ཚད་དང་འབྲས་བུ་མང་ཉུང་ལ་གནམ་སའི་ཁྱད་པར་འབྱུང་བ་ལོ་ལྟར་ག་ས་ག་ལ་མཐོང་རྒྱུ་ཡོད།
ཡུལ་ཕལ་མོ་ཆེར་ཞིང་མཐའ་མ་དེའི་ནས་ལེགས་པར་བརྔས་རྗེས་ཆེས་མཐའ་མ་ལ་བམ་པོ་ཤིན་ཏུ་ཆེན་པོ་ཞིག་བསྒགས་ནས་མགོ་གནམ་ལ་བསླངས་ཤིང་ཡུ་བ་ས་ལ་བཙུགས་ཏེ་དེ་ལ་བཀྲ་ཤིས་པའི་སྨོན་ལམ་སྣ་ཚོགས་བཏབ་པར་བྱེད་དོ།།
སྔོན་ཆད་ཞིང་པ་ཚོས་ཞིང་དུ་བརྔས་པའི་ལོ་ཏོག་ཁྱིམ་དུ་སྐྱེལ་འདྲེན་བྱེད་པ་ལ་གཙོ་བོ་མིས་རྒྱབ་ཏུ་ཁུར་པ་དང་རྟ་ཟོག་ལ་ཁལ་དུ་བཀལ་ནས་བསྐྱ་དགོས་པ་ཡིན། གྲོ་ནས་སྲན་མ་གང་ཡིན་རུང་ཁྱིམ་དུ་སྐྱ་བ་ལ་ངེས་པར་དུ་ནམ་མཁའ་གཡའ་དག་ཅིང་ཉི་མ་ཚ་བའི་དུས་ཡིན་དགོས་ལ། ལྷག་པར་གྲོ་དང་ནས་གཉིས་སྐམ་པོ་ཁྱིམ་དུ་བསྐྱས་ན་མ་གཏོགས་རླམ་སྐྱེ་བ་དང་འབྲུ་བང་བ་རྩྭ་སོག་རུལ་བ་སོགས་ཀྱི་སྐྱོན་འབྱུང་ཉེན་ཆེ། ནས་སྐྱ་བའི་ཉིན་མོར་ཞོགས་པ་སྔ་མོ་ནས་ཕོན་སྒྲིག་དང་དོས་པོ་རྒྱག་ཅེས་དོ་པོ་བརྩིག་དགོས་པ་སྟེ། ལོ་ཐོག་སྐྱེས་སྟོབས་བཟང་བའི་ནང་ཞིང་དུ་བམ་པོ་དྲུག་རེས་ཕོན་པོ་རེ་དང་ཕོན་པོ་དྲུག་རེ་ཡིས་རྒྱབ་གཅིག་སྟེ་ཁལ་རེ་བྱས། མཐའ་ཞིང་དུ་བམ་པོ་བདུན་རེས་ཕོན་པོ་རེ་དང་ཕོན་པོ་དྲུག་རེ་ཡིས་ཁལ་རེ་བྱས་ནས་ཆག་པར་བསྒྲིགས་པ་ཡིན། དེས་འགེལ་བར་སྟབས་བདེ་ཞིང་ལས་ཕྱོད་ཆེ་བ་དང་། ཉི་མ་ཚ་རྗེས་སྙེ་མ་དང་ནས་འབྲུ་མི་ཐོར་བ། གནའ་དུས་ཞིང་སོ་སོར་ལོ་ཏོག་གི་བོངས་སྐྱེ་ཚད་མང་ཉུང་ལ་ཁལ་ཅི་ཙམ་ཡོད་མེད་ཀྱིས་འཇལ་སྲོལ་ཡོད་པ་ལྟར་ལོ་ལེགས་ཡོང་ཡོད་མེད་བརྟག་པ་དག་ལའང་ཕན། མི་ཚོས་ཕོན་པོ་དྲུག་གམ་བརྒྱད་ལ་ཁལ་གཅིག་དང་། ཁལ་གཅིག་ལ་ནས་སྒྲོ་བ་གང་གི་ཚད་དུ་བཟུང་བ་ཡིན། སྙེ་མགོ་ལྷུང་དོགས་ན་ཞོགས་པ་སྔ་མོར་བམ་རྩིག་རྒྱག་ཅེས་བམ་པོ་རྣམས་ཕྱོགས་གཅིག་ཏུ་ཚར་སྤེར་བརྩིགས་པའང་ཡོད། སྐྱ་སྟངས་ནི་འཕྲུལ་ཆས་མ་ཡོང་གོང་ལ་མིས་རྒྱབ་ལ་ཁུར་པོ་འཁུར་བ་དང་ཕྱུགས་ལ་འོར་འགེལ་བ་གཉིས་སུ་མཆིས་ཤིང་། མིས་འཁུར་བྱེད་གཙོ་བོ་ནི་ཐག་པ་ཡིན། ཐག་པ་ལ་ཀོ་བས་བཟོས་ཤིང་ཁུར་བོ་སྡོམ་བྱེད་ཀྱི་ཐག་པ་རིང་པོ་ལ་འབྲེང་པ་དང་རྒྱབ་ལ་ཁུར་བྱེད་ཀྱི་ཐུང་ངུ་ལ་ཁུར་ཐག་ཟེར། མིས་འཁུར་དུས་འབྲེང་པ་གཉིས་གཤིབ་ཁ་ཕྱེ་ནས་གྱེན་དུ་བསྡོམས་ཤིང་ཁུར་ཐག་གིས་འཕྲེད་དུ་བཅིངས་ཏེ་ལག་གཡས་པའི་ཕྱོགས་སུ་འཐེན་པས་རྒྱབ་ཏུ་འཁུར་ལ། ཁུར་ཐག་སྣེ་མོ་ལག་གཡོན་པའི་ཕྱོགས་སུ་འཐེན་པ་ནི་རོ་འཁུར་བ་ཁོ་ནར་སྤྱོད་པ་ཡིན། རྩིད་པས་བསྒྲིམས་པའི་ཐག་པ་ལ་ཐག་ནག་ཟེར་ཞིང་ཕལ་ཆེར་ཁལ་འགེལ་བྱེད་དང་ཁུར་བོ་སྡོམ་བྱེད་ལས་ཁུར་ཐག་མི་བྱེད། རྟ་ཟོག་ལ་ཁལ་འགེལ་བ་ལ་འོར་བཀལ་ཟེར། འོར་འགེལ་ས་ནི་གཙོ་བོ་རྟ་དང་། དྲེལ། གླང་། ཀུ་རུ། གཡག། མཛོ་བཅས་ལས་འགེལ་ས་བཟང་ཤོས་དང་ལས་ཕྱོད་ཆེ་ཤོས་ནི་རྟ་དང་དྲེལ་ཡིན། རྟ་ནི་ལུས་འཕང་མཐོ་བས་སོག་ཡུ་ཇི་ཙམ་རིང་ཡང་སྙེ་མགོ་ས་ལ་མི་འདྲུད་པ་དང་། ཤེད་ཤུགས་ཆེ་བས་མང་པོ་ལྕོགས་པ། གོམ་སྟབས་མྱུར་བས་ལས་ཀ་མགྱོགས་པ། འཁྲིད་ཁ་ཡང་ཞིང་ཁ་ལ་ཉན་པ། རྐྱང་པ་ཡིན་དུས་བཅིབ་ཆོག་པ་སོགས་དགེ་མཚན་མང་པོ་ལྡན་ཞིང་། དེ་དང་བསྡུར་ན་གླང་དང་ཀུ་རུ་ནི་འཕང་དམའ་ཞིང་ཤེད་ཆུང་བ། གོམ་འགྲོས་ཐོགས་པ། འཁྲིད་ཁ་ལྗིད་པ་སོགས་ཀྱིས་ཁལ་མ་བཟང་ཤོས་
མིན། འབྲི་མཛོ་མོ་དང་བ་སོགས་བཞོན་མར་འོས་པའི་མོ་ཟོག་ལ་འོར་འགེལ་མི་དར། ཡོ་བྱད་གཙོ་བོ་སྒ་ཡིན། སྒ་ལ་རྟ་སྒ(ཆིབས་སྒ)དང་བོང་སྒ(ཁལ་སྒ)གཉིས་སུ་ཡོད་ཅིང་རྟ་སྒ་ནི་མིའི་བཞོན་པར་སྟོད་པའི་སྒ་དང་། བོང་སྒ་ནི་ཁལ་འགེལ་བྱེད་དུ་བཀོལ་བའི་སྒ་ཡིན། བོང་སྒ་ནི་གཙོ་བོ་སྒའི་སྔ་རུ་ཕྱི་རུ་དཀྱིལ་རུ་དང་སྒ་གཤོག་གམ་སྒ་ལྡེབས་བཅས་ལས་གྲུབ་ཅིང་། སྒའི་སྔ་རུ་དང་ཕྱི་རུ་ནི་ཤིང་སྲ་མོ་སྟག་པ་དང་དཀྱིལ་རུ་སྟེ་སྔ་རུ་དང་ཕྱི་རུ་གཉིས་ཀྱི་བར་དུ་སྦྲེལ་བྱེད་དབྱུག་གུ་ནི་ཤིང་སྙི་མོ་ཡིས་བྱས་ཡོད། དེས་ཁལ་མ་འདྲོགས་པ་སོགས་ཀྱི་སྐབས་སྒ་ཆག་བདེ་བས་ཕྱུགས་ལ་ཕན་པར་བརྗོད། སྒར་ཁལ་མའི་ལུས་སྟོད་དུ་མི་བྱིལ་བར་སྙེད་དམ་སྙེད་ཐག་དང་། ལུས་སྨད་དུ་མི་བྱིལ་བར་གོང་ཐག། ལོགས་གཉིས་སུ་མི་ཡོར་བར་གློ་ཐག་བཅས་ཡོད་པས། ཕྱུགས་ཀྱི་རྒྱབ་ལ་སྟོད་སྐབས་དང་པོར་རྒྱབ་ལ་བལ་གྱིས་བཟོས་པ་སོགས་རེག་བྱ་འཇམ་པའི་སྟན་འདང་ངེས་བརྩེགས་ནས་བཏིང་། དེའི་ཐོག་ཏུ་སྒ་བསྟད། གོང་ཐག་སྐེ་ཞབས་དང་ག་དང་སྙེད་ཐག་རྔ་འོག་ནས་འཐེན། གློ་ཐག་མཆན་ཁུང་ནས་དམ་པོར་བསྡམས། སྒའི་ཕྱི་རུ་ལ་འབྲེང་བ་བྲེས་པ་བཅས་ཁལ་འགེལ་པེ་ལེན་བྱས། སྒར་ཡབ་ལྡེབས་ཏེ་ཡག་མ་ཡོད་ན་སྟན་མཐུག་པོ་མི་འདིང་ལ། མེད་ན་སྒས་ཁལ་མའི་རྒྱབ་ལ་མི་གནོད་པར་འདང་བ་གདིང་དགོས།ནས་ཁལ་འགེལ་དུས་ཐོག་མར་སྒའི་ལོགས་གཉིས་སོ་སོར་ནས་མགོ་ཁ་ཐུར་དུ་བསྐོར་ཅིང་འབྲེང་པས་ཕྱི་རུ་ནས་སྔ་རུ་ལ་བསྒྲོགས་ཏེ་ཕོན་པོ་རེ་སྦྱར། དེ་ནས་སྔ་རུའི་ལོགས་གཉིས་སུ་ཐག་པ་སྐེ་ནས་མཇུག་ཏུ་ནང་སྐོར་ལྟར་འཐེན་ཏེ་ཕོན་པོ་རེ་སྦྱར། དེ་རྗེས་ཕྱི་རུའི་ལོགས་གཉིས་ལ་མཇུག་ནས་མགོའི་ཕྱོགས་སུ་ཕྱི་སྐོར་དུ་བསྒྲོགས་ཏེ་ཕོན་པོ་རེ་འགེལ་ཞིང་།གལ་ཏེ་འགྲོ་ལམ་བདེ་བའམ་ཕྱུགས་ཤེད་ཆེ་བས་ཕོན་པོ་བརྒྱད་རེ་བཀལ་ཆོག་ན་མཐའ་མར་སྔ་ཕྱི་གཉིས་ཀྱི་བར་ན་ཕོན་པོ་གཅིག་རེ་བསྡམས་པ་ཡིན། ཕོན་པོ་དྲུག་བཀལ་བ་ལ་དྲུག་ཡུག་དང་ཕོན་པོ་བརྒྱད་བཀལ་བ་ལ་བརྒྱད་ཡུག་སྤྲད་ཟེར།
སྲན་མ་ཁལ་མ་དགལ་གོང་ལ་སྲན་ཆག་འདྲིལ་ཞེས་སྲན་པ་ཆག་པ་ཆུན་པོར་བཞག་ཡོད་པ་དུ་མ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ཤོ་བསྒྲིགས་རྗེས་ད་གཟོད་སྣེ་གཅིག་ནས་དེད་དེ་ཁལ་མ་ལ་འགེལ་བ་ཡིན། ཁལ་འགེལ་མཁན་ལ་མི་ཤེད་ཤུགས་ཆེ་ཞིང་ཧྲག་པ་ཡིན་དགོས་ཏེ། ཞིང་པས་ལོ་ཐོག་སྐྱ་དུས་ཁལ་མ་དུ་མ་ནས་བཅུ་ཕྲག་ལ་མཉམ་དུ་འགེལ་བཞིན་ཡོད་སྟབས་མི་གཅིག་གིས་མ་མཐའ་ཡང་ཁལ་མ་གསུམ་བཞི་བཞི་ལྔ་ལ་བཀལ་ནས་འོར་ཐེངས་གཅིག་གཉིས་མིན་པར་ཉིན་གཅིག་ཏུ་བརྒྱུག་དགོས་པ་དང་། ཐག་པས་དམ་པོར་བསྡམ་མ་ཐུབ་ན་ཁལ་ས་ལ་བསྒྱེལ་སྲིད་པ་དང་། ཁལ་མ་རྒོད་པོ་མི་དོ་བ་དང་ཕོན་པོ་གྱེན་དུ་མི་ལྕོགས་པ་ཡིན་ན་འགེལ་མི་ཐུབ་པ་དང་། ལས་ཀ་གྲིམ་པོ་མེད་ན་རྗེས་སུ་མི་ཟིན་ཞིང་ལས་ཀ་དུས་ཐོག་ཏུ་མི་ཚར་བ་སོགས་འགྱུར། སྒོ་ཕྱུགས་ཀྱིས་དཔྱིད་ཀར་ལུད་དང་སྟོན་ཁར་ལོ་ཐོག་སྐྱེལ་འདྲེན་བྱེད་དུས་བྱིས་པ་རྣབས་ལུག་ཚོ་བེད་སྤྱོད་དེ་ཡིས་ཆེ་བ་མེད་པའི་སྐབས་ཡིན། ཁོ་ཚོས་ཁལ་མ་འཁྲིད་དེད་བྱས་ནས་འོར་བ་ལ་དར་མའི་ཚབ་ཡོངས་སུ་བྱེད་ཐུབ་བཞིན་ཡོད། ཕ་མ་ཚོས་བྱིས་པ་རྣམས་མངག་ལམ་འགྲོ་ཕྱིར་བུ་རམ་མམ་ཤིང་ཏོག་གམ་ཞོ་ཟན་ཁོག་ཏུ་མར་བཅུག་པ་ལྟ་བུ་སོགས་མཛར་བར་སྟེར་ནས་སྐུལ་མ་བྱེད་སྲིད་དོ།། ༼ མུ་འགོད།༽