国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་འདབས་ཀྱི་མཛངས་མ།

སྐྲ་རྒྱ་ལྕང་ཁུག་པར་

མེ་ཏོག་འཛུམ་ཁ་དོད་པོ། །

ཐོད་དངུལ་དཀར་མེ་ལོང་

གཡུ་བྱུའི་ཕྲ་རྒྱན་བསྟར་སྒྲིག །

ལས་རྩོལ་བས་མ་བྲིས་གནག་

སྣུམ་སྨིན་མ་འཇམ་འཁྱུག །

ནག་སྟུག་པོའི་རྫི་མར་འོད་ཀྱི་

ཟེར་མ་རང་འཕྲོ། །

བཞིན་པད་མའི་འདབ་ངོགས་

བུང་བའི་སྤྱན་ཟུང་ལྡིང་མ། །

དམར་མཁུར་ཚོས་ཆ་འགྲིག་འགྲམ་

པའི་ཟུར་ངོགས་ཡག་ལེ། །

ཞལ་མཆུ་སྒྲོས་བུམ་པར་ཚེམས་

དཀར་དར་སྐུད་འཐེན་དབུས། །

སྲབ་སྨྲ་ལྕེ་རྐང་དྲུག་ལྡེམ་མྱུར་

གཤོག་གླུ་འཇེབས་པོ། །

ངག་གླུ་དབྱངས་ནང་དུ་ཚོར་

བའི་དབྱངས་རྟ་སྙན་མོ། །

ཚིག་དག་སྒྲོས་མུ་ཏིག་ངག་གི་

གསེར་སྐུད་བརྒྱུས་ནས། །

འཛུམ་དམུལ་བའི་ངང་ནས་

གླུ་ཆུང་སེང་སེང་ལེན་མཁན། །

སྨན་མཐོ་སྒང་མཛངས་མ་དྲི་ཟའི་

ན་ཆུང་གཙུག་རྒྱན། །

བྲང་ཤེལ་དཀར་མེ་ལོང་བརྒྱད་

ལྡན་ཆབ་ཀྱིས་བཀྲུས་འདྲར། །

དཀར་འོ་འཛིན་ཆ་འགྲིག་དུང་

དཀར་ཟོལ་གྱིས་འབུད་ཅིང་། །

གོས་དར་ཟབ་དཀར་དམར་

སྟོད་སྨད་རན་གྱིས་བཀླུབས་དུས། །

སྟེང་ལྷ་ཡུལ་གྲོང་གི་མཛངས་

མའི་བཞེངས་སྐུར་འཁྲུལ་སོང་། །

ཕྱག་པད་མའི་འཁྲི་ཤིང་རིང་

སྲོང་ལང་ཚོ་རྫོགས་པར། །

ཕྲ་དབྱིབས་མཛེས་མཛུབ་མོའི་

ཡལ་གའི་ཟོལ་གྱིས་གྲོལ་རྩེར། །

མཉེན་སེན་དཀར་འདབ་མར་ཟླ་

བའི་འོད་མདངས་བྱུགས་པའི། །

གངས་གཙང་ཆབ་བཞུར་

འགྲམ་ཁྲེལ་གཞུང་ཀློང་གི་

མཛངས་མ། །

ནགས་སྙུག་མའི་ལུས་བྱད་ཕྲ་

ལྡེམ་མཛེས་པ་རང་འགྲུབ། །

རླུང་སིལ་བུས་སྒུལ་ལྟར་གར་

སྟབས་ལྡེམ་འཁྱུག་རྩེན་པར། །

ཡིད་ཞེན་ཆགས་ཆང་མྱོས་སྣང་

སྲིད་སྐྱེ་དགུའི་མིག་ཟུང་། །

གྲོས་མ་བསྐུལ་ལས་ཀྱིས་འདུ་

འཛོམས་གར་སྟེགས་སོ་མ། །

སེམས་གངས་དཀར་མེ་ཏོག་

ཁྲེལ་གཞུང་ཟེའུ་འབྲུ་དགོད་མ། །

གཤིས་བལ་འཇམ་གོས་དཀར་

མ་བཅོས་ལྷན་སྐྱེས་

འདོད་འཇོ། །

མཛའ་དམ་ཚིག་མུ་ཏིག་ཉི་ཟླའི་

གཟི་བྱིན་འཚེར་བའི། །

གངས་རོང་འབྲོག་མཛངས་མ་

མཐོ་བོད་གཞུང་ན་ཡོད་དོ། །

༼ དབྱངས་ལྡེའུ། ༽