མལ་ས་བདེ་བདེ་ཡི་སྟེང་ལ་ལྷོད་ཀྱིས་བསྡད་ན། ངའི་བརྩེ་བའི་སེམས་ཀྱི་རྦ་རླབས་འདི་འཕྱུར་གྱིན་འདུག། རྦ་རླབས་འཕྱུར་བ་འདི་སྤྱིར་བཏང་ཙམ་མ་རེད། དྲག་ཏུ་འཕྱུར་གྱིན་འདུག། དེ་ནི་ཁྱོད་ལ་བཅངས་པའི་བརྩེ་བའི་མེ་ཏོག་བསླས་མ་དེ་ཡིན་སྲིད་ལ། དེ་ནི་ཁྱོད་ལ་གཏད་པའི་རྩེ་གཅིག་གི་བློ་ཁ་དེ་ཡང་ཡིན་སྲིད།
ཁྱོད་ཀྱི་བརྩེ་བའི་སེམས་ཀྱི་དྲོ་ས་ན། ངའི་དུང་བའི་ཡིད་ཀྱི་མེ་ཏོག་དེ་བཞད་ན། ཅི་འདྲའི་ཡིད་དུ་འོང་བའི་རྣམ་པ་གསར་པ་ཞིག་དང་ཅི་འདྲའི་ཡིད་སེམས་དགའ་བའི་ཚོར་བ་གསར་པ་ཞིག་རེད་ཨང་། ཁྱོད་ཀྱི་ཁྲ་ཆུང་མིག་གི་བདེ་ས་ནས། ང་རང་བོར་མྱོང་མེད་ན། སྟོན་ཁར་ཁྲུང་ཁྲུང་ཁྱུ་ཡིས་བསྟར་ཕྲེང་བསྒྲིགས་ནས་མོན་ཡུལ་ལ་ལོག་པ་ལྟར། ཆེས་སྐྱིད་སྣང་ལྡན་པའི་ཁྱིམ་བཟང་ཞིག་ཏུ་འུ་གཉིས་བརྩེ་བའི་སེམས་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཆོག། དེ་ཡང་འུ་གཉིས་ལ་དབང་བའི་འཚོ་བ་དང་འུ་གཉིས་ལ་དགོས་པའི་བདེ་སྐྱིད་ཅིག་ལ་ཅིས་ཀྱང་བརྩི་ལོས་ཆོག།
ན་ནིང་དབྱར་དུས་ཀྱི་སྤང་ཁ་ནས། འུ་གཉིས་ཐུག་འཕྲད་བྱས་པ་ནས་བཟུང་། ངའི་སེམས་པའི་ནང་གི་ཡངས་ས་ན། ཁྱོད་ཀྱི་འཛུམ་ཞལ་ལྷད་མེད་དང་། ང་ལ་བཤད་པའི་སྐད་ཆ་སྙན་མོ་དག། ད་རུང་ངའི་སེམས་པའི་སྟེང་ནས་བརྗེད་ཀྱི་མེད། འདི་ཡང་འུ་གཉིས་སྔོན་གྱི་ལས་དབང་ཟབ་མོ་ཞིག་ཡོད་པར་ཅིས་ཀྱང་མཚོན་ཡོད་ལ། འདི་ཡང་ངའི་སེམས་པའི་ནང་ཁྱོད་ཉིད་བོར་མ་མྱོང་བ་ཞིག་ལོས་ཡིན། དེའི་ཕྱིར་ངའི་ཡིད་སེམས་ན་ད་རུང་ཁྱོད་ཀྱི་ཆ་ཤས་ཕྲ་རགས་གསལ་ཝ་ལེར་འཆར་གྱིན་ཡོད།
སྙིང་ཉེ་མ། ང་ལ་ཕྱིར་མིག་འཕེན་རོགས། ཁྱོད་མ་འགྲོ། ཁྱོད་སོང་ཟིན་དུས། ང་ལ་ཅི་ཡང་འཐོབ་རྒྱུ་མེད་པ་ལྟར། གང་ཡང་ཐོས་རྒྱུ་མེད་པ་ལྟར། ངའི་འགྲམ་ལ་སྟོང་པར་ཆགས་འགྲོ། ཁྱོད་ཀྱིས་བརྩེ་བའི་མིག་གིས་ཕྱིར་མིག་རེ་འཕངས་ན། ངའི་ཡིད་སེམས་ན་སྤྲོ་བའི་ཚོར་བ་ཞིག་དང་། ངའི་ལུས་ཕུང་ལ་བདེ་བའི་ཚོར་སྣང་ཞིག་ད་གཟོད་སྐྱེད་ཡོང་། ཁྱོད་གནས་གཞན་ལ་ཐོན་དུས། ངའི་ཡིད་སེམས་ན་བརྗེད་མི་ཐུབ་པའི་ཚོར་འདུ་ཞིག་སྐྱེ་ཡོང་ལ། ཁྱོད་མི་གཞན་དང་འགྲོགས་དུས། ངའི་ལུས་ཕུང་ཡོངས་ལ་བཟོད་མི་ཐུབ་པའི་ན་ཟུག་ལྷག་མ་ཞིག་ལང་ཡོང་།
སྙིང་ཉེ་མ། ང་རང་བསྒུག་རོགས། འུ་གཉིས་ཟླ་བ་ནས་ཟླ་བ་ལོ་ནས་ལོ་མཐུད་དེ་མང་པོ་ཞིག་མཉམ་དུ་སོང་ཡོད་མོད། མཇུག་གྲུབ་ཁར་འདི་ལྟར། ཁྱོད་ཀྱི་ཕྱིར་མིག་ཐེངས་གཅིག་མེད་པར། གང་ཡང་བཤད་རྒྱུ་མེད་པར། འཇམ་ཐིང་ངེར་མེད་པར་གྱུར་ན། ངའི་འཚོ་བའི་ནང་ཁྱོད་མེད་ཅེས་པའི་ཐ་སྙད་འདི་རྩད་ནས་གོམས་ཀྱིན་མི་འདུག་པས། ཁྱོད་ཀྱིས་ཅིས་ཀྱང་ང་རང་བསྒུག་རོགས། ང་ཡང་ཤ་ཟད་རུས་ལ་ཐུག་ཀྱང་། ཤུགས་ཀྱིས་སྒུག་པའི་རེ་འདུན་ཉག་ཅིག་བཅངས་ཡོད། འུ་གཉིས་མཇུག་གྲུབ་ཁར་ཁྱོད་ཀྱིས་གནས་སྐབས་ཙམ་ལ་མ་ལྟོས་པར། ང་རང་བསྒུག་པའི་ངས་སྨོན་འདུན་ཞུ།
ད་ནི་ཉི་མ། ཁ་ཕྱོགས་སྟངས་ལ་བལྟས་ན། དགོང་ཀ་རེད་རན་འདུག་ལ། ཉི་མ་ཡང་ནུབ་རན་འདུག། ངས་ད་རུང་སུ་ཡང་མེད་པའི་གནས་མལ་འདི་ནས། ཁྱོད་ཀྱི་ཕྱིར་མིག་དེ་བསྒུགས་ནས་ཉིན་གཅིག་ཏག་ཏག་བུད་སོང་། འོན་ཀྱང་ཡིད་སེམས་སྐྱོ་དགོས་པ་ཞིག་ལ་ནི། ད་རུང་གང་ཡང་མཐོང་རྒྱུ་མེད་པ་ནི། ཁྱོད་ཀྱི་ཕྱིར་མིག་དེ་ཁོ་ན་རེད་ལ། ཕྱིར་མིག་ཙམ་མ་ཟད་མིའི་གྲིབ་གཟུགས་ཙམ་ཡང་མཐོང་ཐོས་མི་འདུག། ང་ནི་སྐྱོ་བ་འཛད་རྒྱུ་མེད་པར། སྐྱོ་བའི་ཚོར་འདུ་ཡོད་ཚད། སྙན་ངག་གི་གཟུགས་སུ་ཕབ་ནས། རྒྱུས་མེད་ཀྱི་འཇོལ་མོ་ཞིག་ལ། འཕྲིན་པ་དག་གཅིག་ཀྱང་ལྷག་མེད་པར། ཆ་ཚང་ཁྱོད་ཀྱི་འགྲམ་དུ་བསྐུར་ན་འདོད་ཡོད།
ངས་ད་རུང་ནུས་ཤུགས་ཡོད་དགུ་བཏོན་ཏེ། རྒྱང་རིང་གི་མཚམས་སྤྲིན་བཞུད་སྟངས་ལ་བལྟས་ཏེ། དགོང་ཀའི་རླུང་འཚུབ་གཡོ་བའི་ཉམས་ལ་ཅེར་ནས། ཡུན་ནས་སྒུག་བཞིན་པ་དེ་ནི། ཁྱོད་ཀྱི་ཕྱིར་མིག་འཇམ་པོ་དང་། བརྩེ་བས་ཕྱུག་པའི་སྤྱན་ཟུར་ཁྲ་ཆུང་གཉིས་ཡིན་པ་ལས། གཞན་འདི་དང་འདི་ཞེས་གང་ཡང་སྒུག་པའི་འདུན་པ་རྩད་ནས་མེད།
སྙིང་ཉེ་མ། ཁྱོད་མ་ཕེབས་རོགས། ང་ལ་ཕྱིར་མིག་རེ་འཕེན་རོགས། ཁྱོད་ཀྱི་ཕྱིར་མིག་མེད་ན་ང་རང་འཇིག་རྟེན་འདིར། གསོན་པའི་སྙིང་པོ་དབེན་ལ། ང་ལ་འཚོ་བའི་ཆ་རྐྱེན་ཅི་འདྲ་ཡག་པ་ཞིག་བྱུང་ཡང་། འཚོ་བ་ལ་བྲོ་བ་ལྡན་པའི་ཕུན་སུམ་ཚོགས་པ་ཞིག་གཏན་ནས་མི་འདུག། ཁྱོད་ཀྱིས་ང་ལ་བསྒུག་རོགས། ངས་ཀྱང་ཟླ་བ་དང་ལོ་ནས་ཁྱོད་ལ་བསྒུག་ཆོག།
༼ སྙན་རྐང་གླིང་། ༽