国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྣམ་རྟོག་གི་ཞལ་ཆབ།

སེམས་ཀྱི་བཞི་མདོ་ཞིག་ནས་སླར་ཡང་མཇལ་བའི།།

ནམ་ཟླ་བསིལ་བའི་ཀུན་རྟོག་དཀར་སེར་དམར་ལྗང་།།

སྐར་མ་སྨིན་དྲུག་ཤར་བའི་ཉི་ནུབ་ཞིག་ཏུ།།

སྣང་བའི་ཤོག་དཀར་ངོས་སུ་ཨེན་ཙམ་འབྲི་འདོད།།

ལྔ་པའི་དབྱངས་ལྡན་བུ་མོ་རང་ཡུལ་ལོག་རྗེས།།

དབྱར་གསུམ་སྤང་གི་མེ་ཏོག་རྙིད་ཚུལ་དག་དང་།།

སྟོན་གསུམ་སྡོང་ལོ་འཐོར་བའི་སྐྱོ་གླུ་ལེན་བཞིན།།

གྲོང་གསེབ་ལྡོམ་པོ་ཞིག་གི་ཕྱི་ནང་མངོན་གཞག།

ཞི་འཇགས་དབེན་གནས་ཤིག་གི་ཆགས་ཚུལ་དྲན་ན།།

བརྩེ་བའི་སྒྲུང་རིང་ནང་གི་གབ་ཚིག་འདི་དག།

སྤྲིན་གྱི་རྒྱ་མཚོ་བརྒལ་བའི་ཁྱུང་ཆེན་ཞིག་ལ།།

དབུས་ཀྱི་རི་དབང་འདྲ་བའི་མི་དེར་སྐུར་འདོད།།

ཚིག་གི་སྒྲོམ་ཆུང་ནང་གི་འཇའ་ཚོན་སྣ་ལྔ།།

ཆར་དང་ཉི་མའི་གྲོང་གི་དབྱིངས་ནས་མཛེས་ཀྱང་།།

གཙང་པོ་དར་གྱིས་སྦྲུམ་པའི་སྐབས་སུ་བལྟས་ན།།

ཁྲེལ་མེད་གཞུང་ངན་གྲོགས་ཀྱི་གཤིས་དང་མཚུངས་སོ།།

སྟོན་མཇུག་རླུང་བུའི་ཤུར་སྒྲ་རྣ་བར་གཟན་ཅིང་།།

མི་ཚོགས་འགྱུར་བའི་རྣམ་པ་མཐོང་ཐེངས་རེ་ལ།།

དྲན་གདུང་ཁུར་གྱིས་མནན་པའི་བརྩེ་བ་ཅན་པོ།།

ཚིག་དང་ཐ་སྙད་ཙམ་གྱིས་མཚོན་ཐབས་བྲལ་སོང་།།

འདི་ནས་གསེར་ལྗོངས་ཞེས་པའི་ཡུལ་ཞིག་དྲན་དུས།།

མཚོར་འཁྲུངས་པདྨ་འདྲ་བའི་ཞེ་འདང་ཞིག་གིས།།

ལས་དབང་སྟབས་ཀ་མཉམ་པའི་སྨོན་འདུན་ཁྱེར་ཏེ།།

འཁོར་བའི་མི་གཉིས་འཕྲད་པའི་ས་ཚུགས་བྲིས་ཡོད།།

མི་ཚེའི་འགྲུལ་བཞུད་གཅིག་གི་འཚོ་བའི་ནང་དུ།།

སེམས་ཀྱི་དགའ་སྡུག་བཅོལ་སའི་སྙིང་གྲོགས་དེ་ཉིད།།

འཇིག་རྟེན་ཧྲིལ་པོ་ཞིག་གི་ཕུན་ཚོགས་ལས་ཀྱང་།།

རིན་ཐང་ཆེ་བར་འདོད་པའི་སེམས་འདི་འཁྲུལ་མེད།།

སྨིན་ཟུང་གཤོག་ནག་འཁྱུག་པའི་བརྡ་རིས་འོག་ནས།།

ཕྲན་ཆུང་སེམས་སུ་བག་ཆགས་སྣ་ཚོགས་བྲན་ཏེ།།

གཞོན་ཤིང་མཛེས་སྡུག་ལྡན་པའི་ཉེར་བཞིའི་ལང་ཚོ།།

ཚེ་ལུས་གཅིག་ལ་གནང་བའི་ལེགས་སྐྱེས་ཡིན་ཟེར།།

ཡིད་འོང་སྙིང་གི་གཞི་མོ་བཀུག་མཚམས་མ་ཆོད།།

བརྩེ་བའི་ཟུར་མིག་མདའ་མོ་འཕེན་ཚོད་མ་ཟིན།།

འདི་འདྲའི་ལོ་ཟླ་མང་པོ་ཁད་ཀྱིས་རྫོགས་དོན།།

ཕན་ཚུན་དུང་བ་ཟབ་པའི་དན་རྟགས་ཡིན་ནོ།།

ལྷོ་མཐའི་སྤྲིན་དཀར་འདབ་མ་འཁྱག་གིས་བཟུང་དུས།།

ཁུ་བྱུག་མོན་ཡུལ་འགྲིམ་པ་ལས་ཀྱི་རྨི་ལམ།།

རྩྭ་སྔོན་དུས་ཀྱིས་བཟས་པའི་ས་གཞི་སྐྱ་བོ།།

བདག་གི་སྙན་ངག་འབྲི་སའི་ཐང་སྟོང་རེད་བཞག།

བྱམས་དང་སྙིང་རྗེའི་སྤྱན་ཟུང་ཉེ་བར་ཕྱོགས་པའི།།

ཡིད་ཀྱི་ལྷ་ལམ་སྲུང་བའི་འཛུམ་དཀར་ལྷ་མོ།།

གཟུགས་མེད་ཀུན་ཏུ་རྟོག་པའི་འཇའ་རིས་འདི་དག།

ཡི་གེའི་གཟུགས་སུ་བསྟར་བའི་ཤེས་པ་བསྩལ་རོགས།།

༼ མཱ་ལིན་ནཱ། ༽