国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་པར་ཧུར་ཐག་བསྐུལ།

ད་ལོ་ནས་བཟུང་རང་ཁུལ་གྱིས་གསར་གཏོད་བྱེད་པོ་གསོ་སྐྱོང་དང་། གསར་གཏོད་མ་ལག་འཛུགས་པ། ཐོན་དབང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚན་རྩལ་གྱིས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཧུར་ཐག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་རིམ་རྩིས་ཐོག་མཐོ་གསར་ལག་རྩལ་ཁེ་ལས10དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང47གཏན་ལ་ཕབ་ཡོད། མཐོ་གསར་ལག་རྩལ་ཐོན་ལས་དང་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར16ལ་ཟིན་ཡོད། ཁུལ་རིམ་པའི་གཙོ་གནད་ཚོད་ལྟ་ཁང2ཐོག་མར་བསྐྲུན་པ། ལག་རྩལ་གན་རྒྱ་ཐོ་འགོད་གྲངས་འབོར་སྒོར་ཁྲི2900བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

དུས་མཉམ་དུ་རྒྱལ་ཁབ་ལག་རྩལ་སྤོ་སྒྱུར་ལྷོ་ནུབ་ལྟེ་གནས་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་དང་ཞིང་ཆེན་སློབ་གླིང་དང་ཞིང་ཆེན་སློབ་གྲྭའི་ཚན་རྩལ་གསར་གཏོད་མཉམ་ལས་ཞབས་ཞུའི་སྟེགས་བུ་དཀར་མཛེས་ཁུལ་ཡན་ལག་སྟེགས་བུ་བཙུགས་ཤིང་། ཚན་རྩལ་སྤེལ་རེས་དང་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བྱེད་སྒོ་གཉེར་བར་མ་ཚད། ད་དུང་ལག་རྩལ་དགོས་མཁོ་ཁག17ཁྱབ་བསྒྲགས་བྱས་པ་རེད།

ཉག་ཆུའི་བེ་ཤྭ“རྫོང་གཅིག་དང་ཐོན་རྫས་གཅིག”ཅེས་པའི་ས་ཁོངས་སྤུས་རྟགས་གསོ་སྐྱོང་འདུ་འགོད་ཁག་དང་པོར་བདམས་ཐུབ་པ་བྱུང་ནས་ཐོན་རྫས་ཀྱི་ཁྲོམ་རའི་ཤུགས་རྐྱེན་དང་སྤུས་རྟགས་རིན་གོང་འཕར་བའི་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། “གནས་མཆོག་དཀར་མཛེས” སྤུས་རྟགས་ཀྱི་གྲགས་ཚད800བར་འཕར་བ་དང་རིན་ཐང་སྒོར་དུང་ཕྱུར84.88ལ་ཟིན་ཡོད།“ལྷ་གཡག་དཀར་མཛེས”དང་“གནས་མཆོག་དཀར་མཛེས་”ལ་སྤུས་རྟགས་འཛུགས་སྐྱོང་ཚོགས་ཆེན་དུ་བྱ་དགའ་ཐོབ་ནས་སྤུས་རྟགས་ཀྱི་ཕྱོགས་གཉིས་མཉམ་སྐུལ་གྱི་གནས་བབ་གྲུབ་པ་དང་། དཀར་མཛེས་ཁུལ་གྱི་གནག་ཕྱུགས་ཐོན་ལས་གཞི་གྲངས་མཛོད་ཀྱི་སྟེགས་བུ་བཙུགས་པ་དང་འབྲེལ་ཆེད་ཕན་ཕྱོགས་སྟོན་སྙན་ཞུ་གྲུབ་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)