国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་ནས་མིང་རྒྱལ་རབས་སྐབས་ཀྱི་རིག་དངོས་རྩ་ཆེན་རྙེད།

ཉེ་ཆར། ལི་ཐང་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་དང་། རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། རྫོང་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ལྷན་བཅས་ཀྱིས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ཆེད་མཁས་པ་དང་མཉམ་དུ་ལི་ཐང་རྫོང་མཐོ་སྒང་གྲོང་རྡལ་སྡེ་སྐྱིད་གྲོང་སྡེ་གསུམ་པར་རིག་གནས་ཤུལ་བཞག་ཁྱབ་བརྟག་ལས་དོན་སྤེལ་སྐབས་ཉམས་ཞིག་ཤོར་བའི་ཆོས་གཞུང་པར་ཤིང5རྙེད་པ་རེད། དེ་ནི་ལི་ཐང་རྫོང་གིས2021ལོ་ནས་བཟུང་གཟིམ་ཁང་རྙིང་བ་དང་སྡེ་སྐྱིད་གྲོང་སྡེ་དང་པོ་ནས་གསར་རྙེད་བྱུང་རྗེས་ཀྱི་མིང་རྒྱལ་རབས་ཀྱི་རིག་དངོས་རྩ་ཆེན་རྙེད་པ་ཐེངས་གསུམ་པ་ཡིན་པ་རེད།

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ཆེད་མཁས་པས་ཡུལ་དངོས་ནས་ཞིབ་འཇུག་ཞིབ་ཚགས་བྱས་པ་དང་འབྲེལ། ད་ལྟ་ཡོད་པའི་ཆོས་གཞུང་པར་ཤིང་དང་བསྡུར་ཞིབ་སོགས་ལག་རྩལ་བྱ་ཐབས་དང་ཟུང་དུ་འབྲེལ་ནས་ཐོག་མའི་དབྱེ་གཅོད་བྱས་པ་ལྟར་ན། དེ་ནི་མིང་རྒྱལ་རབས་ཀྱི་ལི་ཐང་པར་མའི《བཀའ་བསྟན་འགྱུར》གྱི་པར་ཤིང་ཡིན་པ་དང་། པར་ཤིང་དེ་ནི་སྡེ་དགེ་པར་ཤིང་ལས་རྒྱ་ཁྱོན་ཆེ་ཞིང་མཐུག་པ་དང་འཇུ་ཤིང་མེད་ཅིང་ལོ100ཙམ་ལས་སྔ་བ་ཡོད། ངོས་གཉིས་སུ་ཡི་གེ་ཡོད་པ་དང་སྟེང་འོག་པར་སྒྲིག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་པར་མའི《བཀའ་བསྟན་འགྱུར》ནི་ཡུན་ནན་ས་དམ་འཇང་རིགས་སྐུ་དྲག་གིས་མིང་རྒྱལ་རབས་ཝན་ལི་ལོར་སྦྱིན་བདག་བྱས་ནས་པར་འདེབས་གཙོ་སྐྱོང་བྱས། ཆིང་རྒྱལ་རབས་ཁང་ཞི་སྐབས་སུ་ལི་ཐང་དུ་བསྐྱལ། དེ་ནི་ཡུན་ནན་ནུབ་བྱང་དང་སོག་པོ། ཀྲུང་ཡོན་དང་ལི་ཐང་བཅས་ཀྱི་རིག་གནས་མཉམ་འདྲེས་བྱུང་བའི་བདེན་དཔང་ཞིག་ཡིན་པ་དང་། གནའ་བོའི་མི་རིགས་མང་པོའི་རིག་གནས་དང་སྒྱུ་རྩལ་སོགས་ཁྱབ་ཁོངས་སུ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་པ་མཚོན།

གསར་རྙེད་བྱུང་རྗེས། རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་འཚུབ་བསྟུན་སྲུང་སྐྱོང་ལམ་སྲོལ་ལག་ལེན་བསྟར་ནས། “མ་གཞིའི་རང་བཞིན་སྲུང་སྐྱོང”གི་དོན་ལ་བརྩི་སྲུང་ནན་པོ་བྱས་ཏེ། པར་ཤིང5ལ་ཆེད་ལས་ཀྱི་གཙང་སྦྲ་དང་བརྟན་བརླིང་ཅན་གྱི་ཐག་གཅོད་བྱས་པར་མ་ཟད། རྫོང་དཔེ་མཛོད་ཁང་གི་གནའ་བོའི་དཔེ་དེབ་སྲུང་སྐྱོང་ལྟེ་གནས་ལ་རྩིས་སྤྲོད་བྱས་ནས་དྲོད་ཚད་བརྟན་དྲོད་ཉར་ཚགས་བྱས།

ཐེངས་འདིའི་གསར་རྙེད་ཀྱིས་གནའ་བོའི་མི་རིགས་ཀྱི་རིག་གནས་མཉམ་འདྲེས་དང་ལག་རྩལ་བརྒྱུད་འཛིན་ཞིབ་འཇུག་བྱ་རྒྱུར་དངོས་རྫས་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ལི་ཐང་རྫོང་གིས་གོ་སྐབས་དེ་དང་བསྟུན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་དང་ལོ་རྒྱུས་ཀྱི་རིན་ཐང་སྔོག་འདོན་བྱས་ནས་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།།(རྟ་མགྲིན་རྡོ་རྗེས་བསྒྱུར།)