国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲེ་ཅང་དང་སི་ཁྲོན་གྱི་ཆེད་རམས་པས་ཕྱག་ཕྲེང་གི་རྩྭ་སྨན་ ཐོན་ལས་སྤེལ་བར་མན་ངག་བསྩལ།

ཆེད་མཁས་པ་ཚོས་ཕྱག་ཕྲེང་རྫོང་གི་ཞིང་མུ་ཁར་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ།

དབྱར་ཟླ་བདུན་པར། ཕྱག་ཕྲེང་རྫོང་སྔོ་ནག་སྨན་རྫས་ལས་རིགས་རྩྭ་སྨན་རྟེན་གཞིར་སྐྱེ་སྟོབས་དཔལ་འབར་བཞིན་ཡོད། སྲད་སེར་དང་ལྕ་བ། ཏིག་ཏ་སོགས་རྩྭ་སྨན་གྱི་ལྗང་བུ་སྔོ་ཞིང་འཇམ་ལ། ཞིང་ནང་དོ་དམ་སྲུང་སྐྱོང་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

མཚོ་འཕགས་མཐོ་བ་དང་དྲོད་ཁྱད་ཆེ་བའི་རྐྱེན་གྱིས་གནས་དེ་ནི་ལྷན་སྐྱེས་ཀྱི་རྩྭ་སྨན་སྤུས་ལེགས་འདེབས་འཛུགས་ཁུལ་དུ་གྱུར་ཡོད། ཤར་ནུབ་རྒྱུད་མཉམ་ལས་འཐབ་ཇུས་གནད་དུ་འཁེལ་བའི་སྒོས་ལག་ལེན་བསྟར་བ་དེས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་མགྱོགས་མྱུར་ངང་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཡོད།

ཉེ་ཆར། ཀྲེ་ཅང་བཟོ་ལས་སློབ་ཆེན་སྨན་རྫས་སློབ་གླིང་དང་དཀར་མཛེས་ཁུལ་ཞིང་ལས་ལག་རྩལ་ས་ལུད་ས་ཚུགས་མཉམ་འབྲེལ་བྱས་པའི་ཆེད་རམས་པ་ཚོགས་པ་ཕྱག་ཕྲེང་རྫོང་གི་ཞིང་ཁ་དང་མུ་ཁར་ཆེད་དུ་བསྐྱོད་དེ། “སི་ཁྲོན་ནུབ་རྒྱུད་ཀྱི་ཏིག་ཏ་སྤུས་ལེགས་ནུས་ཆེའི་འདེབས་གསོ་ལག་རྩལ་ཞིབ་འཇུག་དང་ཁྱབ་གདལ་བཀོལ་སྤྱོད”གྱི་ཆེད་དོན་ལས་གཞིར་བསྐུལ། ཚོགས་པ་དེས་ཡུལ་དངོས་སུ་སི་ཁྲོན་ནུབ་རྒྱུད་ཀྱི་ཏིག་ཏ་སོགས་དགེ་མཚན་ལྡན་པའི་སྨན་རྫས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་། སྐྱེ་འཚར་ཁོར་ཡུལ། འདེབས་འཛུགས་གཞི་ཁྱོན། ཐོན་ལས་འབྲེལ་ཐག་གི་གནས་ཚུལ་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ལག་རྩལ་གྱི་དགོས་མཁོར་གནད་དུ་འཁེལ་བའི་སྒོ་དམིགས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐོན་ལས་ལ་ཐབས་མཆོག་བསྩལ།

ཤར་ནུབ་རྒྱུད་མཉམ་ལས་འཐབ་ཇུས་ལག་ལེན་བསྟར་བ་ནས་བཟུང་། ཤར་རྒྱུད་ས་ཁུལ་གྱི་ཚན་རྩལ་དང་ཤེས་ལྡན་མི་སྣའི་ལེགས་ཆ་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་མགྱོགས་མྱུར་ངང་མཉམ་འདྲེས་བྱས་ཡོད། ད་ཐེངས་ཀྱི་མཉམ་ལས་ནི་སྨན་རྫས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་མཉམ་མྱོང་ཕུན་སུམ་ཚོགས་པ་བསགས་པའི་ཀྲེ་ཅང་བཟོ་ལས་སློབ་ཆེན་སྨན་རྫས་སློབ་གླིང་དང་ཡུལ་དངོས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དོན་དངོས་ལ་རྒྱུས་མངའ་ཡོད་པའི་དཀར་མཛེས་ཁུལ་ཞིང་ལས་ལག་རྩལ་ས་ལུད་ས་ཚུགས་གཉིས་མཉམ་ལས་བྱས་པ་རེད། མཉམ་ལས་ཀྱི་ཕྱོགས་གཉིས་པོས་ཕྱག་ཕྲེང་རྫོང་གི་རྩྭ་སྨན་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ངལ་ལ་དམིགས་ཏེ། ཕྱག་ཕྲེང་ཀྲང་ཆིང་ལན་སྨན་ལས་ལས་ཚན་གྱི་བྱེད་པོ་གཙོ་བོར་བྱས་ཤིང་། “སི་ཁྲོན་ནུབ་རྒྱུད་ཀྱི་ཏིག་ཏ་སྤུས་ལེགས་ནུས་ཆེའི་འདེབས་གསོ་ལག་རྩ་ཞིབ་འཇུག་དང་ཁྱབ་གདལ་བཀོལ་སྤྱོད”ལས་གཞི་ལ་དམིགས་ནས། ཧུར་ཐག་གིས་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་མཐུན་སྦྱོར་གསར་གཏོད་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཡུལ་སྡེ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་སློང་ཆེད་གནད་དུ་འཁེལ་བའི་ཐབས་ཇུས་ཕུལ་ཡོད། ( སྐལ་བཟང་རྒྱ་མཚོས་བསྒྱུར།)