ང་རང་ཁྱོད་དང་འབྲེལ་བ་གྲུབ་པ་ནས་བཟུང་རྨི་ལམ་མང་པོ་ཞིག་རྨིས་མྱོང་། རྨི་ལམ་ནི་འཁྲུལ་སྣང་ཞིག་ཡིན་ལ། འཁྲུལ་སྣང་ལ་བརྟེན་ནས་དངོས་ཡོད་ཀྱི་བདེན་པ་ལག་ཏུ་ཐོབ་ཐུབ། དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནས་ཁྱོད་དང་མཉམ་དུ་འདུག་ཐུབ་ན་ཅི་མ་རུང་སྙམ། ཁྱོད་ནི་མི་ཚེའི་སྐྱ་ཡའམ་འགྲོ་རོགས་གྲིབ་མ་ཞིག་གི་ཚབ་ཏུ་བཞག་འདོད། ད་གིན་འཚོ་བའི་ཁྲོད་ནས་མཚན་མོའི་རྨི་ལམ་ནང་ནས་ཨེ་རྨི་བསམ། ང་ཁྱོད་དང་འབྲེལ་བ་གྲུབ་པ་ནས་བཟུང་ངའི་ནང་སེམས་ལ་དྲོ་འཇམ་གྱི་ཉི་འོད་འདུག། དེ་ནི་ཁྱོད་ཀྱི་བྱམས་བརྩེའི་མེ་ཏོག་གི་འདབ་མར་ནག་ནོག་དྲི་མ་མེད་པས་ཡིན་སྲིད།
འུ་གཉིས་འགྲོགས་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་ནས་སྐབས་རེར་དགའ་ནས་ཧབ་དགོད་བྱེད། སྐབས་རེར་སྡུག་ནས་མིག་ཆུ་བཏོན་མྱོང་། དེ་ནི་རྣམ་དག་གི་བརྩེ་དུང་ཞིག་གི་བརྒྱུད་རིམ་ཞིག་ཀྱང་རེད་ལ། བརྩེ་སེམས་ཀྱི་མུ་ཏིག་རྡོག་གཅིག་ས་ལ་ལྷུསང་ནས་དེ་ཡིས་བསྐྱེད་པའི་གྲུབ་འབྲས་ཀྱིས་སེམས་ཁོང་ན་ལྷ་གསོན་པོ་ལྟ་བུའི་འདུ་ཤེས་ཆགས། འབྱུང་འགྱུར་གྱི་ལོ་ཟླ་ཡི་ནང་ལ་འུ་གཉིས་སྐྱིད་མ་སྡུག་གི་འགག་འཕྲང་མང་པོར་འཕྲད་སྲིད། དེ་ཉིད་ནི་རང་ལམ་རང་འཚོལ་བྱེད་པའི་གྱེས་བྲལ་གྱི་འགོ་བཟུང་བ་མ་ཡིན་པར། འུ་གཉིས་ཀྱི་མཛའ་བརྩེའི་མདུད་པ་དམ་དུ་སྦྲེལ་བའི་ས་བོན་གྱི་སོས་འདེབས་པ་ལྟ་བུ་ཡིན།
ང་རང་འཁྲུལ་བ་མིན་ན་ད་ལྟའི་བར་དུ་ང་རང་ལ་ལྷག་བསམ་རྣམ་དག་ཡིན་མཁན་ཁྱོད་ལས་གཞན་པ་གང་ཡང་མི་འདུག། དེ་བས་ངས་ཁྱོད་ལ་ལྷག་བསམ་རྣམ་དག་གིས་གཅེས་སྤྲས་བྱས་ན་འདོད། ངས་ཁྱོད་ལ་བརྩེ་སེམས་རྣམ་དག་གིས་གསོ་སྐྱོང་བྱ་འདོད། མེ་ཏོག་ཆུ་ཡིས་གསོ། མི་སེམས་བརྩེ་བས་སྐྱོང་། དེ་བས་རྟག་ཏུ་ཕན་ཚུན་ལྷག་བསམ་རྣམ་དག་བདེན་པ་བདེན་དྲང་ཡིན་དགོས། ད་ནས་ངས་ཀྱང་ཚིག་རྩུབ་སོགས་ཅི་ནུས་ཀྱིས་སྤང་ཨེ་ཐུབ་ལ་འབད་པ་བྱ་རྒྱུ་ཡིན། ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཚལ་བར་གཏོར་ཅེས་པའི་དཔེ་ལྟར། ཚིག་རྩུབ་ནི་སེམས་པ་རྒྱང་དུ་གཡེལ་བའི་དགྲ་བོ་ཞིག་རེད། དེ་ནི་ནམ་ཡང་སྤང་དགོས་པ་ཞིག་ཀྱང་རེད།
འདྲིས་ཤིང་འགྲོགས་པའི་བརྒྱུད་རིམ་ཁྲོད་ནས། ཕན་ཚུན་ལ་རྒྱུས་མངའ་ཡོད་པ། ཕན་ཚུན་ལ་གུ་ཡངས་ཡོད་པ། ཕན་ཚུན་ཡིད་ཆེས་ཡོད་པ། ཕན་ཚུན་ལ་བརྩི་འཇོག་པ་ཡོད་པ་ཞིག་བྱ་དགོས། འདི་དག་ཡོད་ན་འུ་གཉིས་ཀྱི་འབྲེལ་བ་ནི་ཆུ་བོ་རྨ་ཆུ་བཞིན་རྒྱུན་རིང་ཞིང་། གངས་དཀར་རི་བོ་ལྟར་བརྗིད་ཆགས་ཤིང་བརྟན་པོར་གནས་ཐུབ། ང་རང་ཨ་གསར་གྱི་ངང་ནས་གསར་འགྲོགས་བྱ་རྒྱུ་ལ་དགའ་པོ་མེད། ཕན་ཚུན་ལ་ལྷག་བསམ་དཀར་ཞིང་ཕྱི་ཐག་རིང་བའི་མི་ཞིག་བྱེད་འདོད། དེ་ནི་ང་རང་གིས་དམ་ཚིག་གི་མདུད་པ་ལྟ་བུ་ཡིན།
སེམས་ཀྱི་རྨི་ལམ་མཐའ་དག་ཇི་བཞིན་དུ་འགྲུབ་དཀའ་ཡང་། རྨི་ལམ་ལ་ལ་ཞིག་ནི་འབད་རྩོལ་མི་དགོས་པར་རང་བཞིན་གྱིས་འགྲུབ་ཡོང་བ་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ། དེ་ནི་ནང་ཆོས་ལས་བཤད་པའི་ལས་དབང་ལ་འབྲེལ་བ་ཡོད་སྲིད། ཡོད་ཚད་ལས་དབང་གིས་ཐག་གཅོད་མི་ནུས་ཀྱང་། ལས་དབང་ལ་འབྲེལ་བ་ཏན་ཏན་ཡོད་པས་ང་རང་ནི་ལས་དབང་གཙུག་ཏུ་བཀུར་མཁན་ཞིག་ཡིན། དེ་བས་འུ་གཉིས་ལས་དབང་གི་འབྲེལ་བ་གྲུབ་ཅིང་ལས་དབང་གི་ཐག་པས་དམ་དུ་བསྡམས། ངས་འདི་སྣང་དང་རྨི་ལམ་གཉིས་ཡུག་གཅིག་ཏུ་བསྲེས་ནས་ཁྱོད་ཉིད་སེམས་ཀྱི་གཏིང་རིམ་ནས་སེམས་ཀྱི་ལྷ་མཆོག་ཉིད་དུ་བསྒོམས་ཡོད།
༼ རི་སྤྱང་། ༽