国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འོད་ནང་གི་ལོང་བ།

ཆུང་དུས། འོད་སྣང་ལ་དགའ་དྲགས་པས་

འོད་སྣང་འཚོལ།

འོད་སྣང་ནི་ཤེལ་གྱི་སྒོ་ང་ལྟར་དྭངས་གསལ་དུ་འཆར།

འོད་སྣང་ཞེས་པའི་ཐ་སྙད་རེ་རེ།

མུན་པ་དང་རིང་དུ་བྲལ་བའི་མཐོང་སྣང་ཞིག་ལ་འཕྲུལ།

འོད་སྣང་མཐོང་ཕྱིར་མཚན་མོ་རེ་རེར་ཟླ་བ་

ཁ་གང་བར་སྒུག།

འོད་སྣང་འཚོལ་ཕྱིར་སྐར་མའི་མིག་ཟུང་ལ་

ནམ་ཡང་གཟིམ་པ་མེད་པར་རེ།

འོད་སྣང་ཐོབ་ཕྱིར་ཉིན་མོའི་མཁའ་ལ་སྤྲིན་པ་

མི་རྒྱུ་བར་སྨོན།

ཐ་ན་འོད་སྣང་ཁོ་ན་བསམས་ནས།

མཚན་གྱི་སྒྲོན་མེ་འབུ་མེ་ལྕེབས་ཀྱིས་མི་

གཟིམ་ཕྱིར་ལག་པས་ཀྱང་བཀབ།

མུན་པ་ལ་སྡང་དྲགས་པས།

མུན་པས་འགམ་པའི་གྲུ་ཟུར་ཡོད་ཚད་ལ་སུན་སྣང་སྐྱེས།

སེམས་ཀྱི་གྲུ་ཟུར་ལ་ཉི་འོད་མི་འཕྲོ་བས་ཡི་གེ་བསླབ།

རྨོངས་པའི་གད་སྐྱིབས་སུ་འོད་སྣང་མི་

མཐོང་བས་དབྱངས་གསལ་སྦྱངས།

བཟང་བའི་མི་གྲལ་དུ་འོད་ཟེར་མ་ཕོག་པས་

སློབ་གྲྭར་ཆས།

ད་དུང་མུན་པའི་ཡ་ང་བའི་འཆིང་རྒྱ་ལས་

རིང་དུ་བྲལ་ཕྱིར།

ཟླ་བར་འཁྲེང་། སྐར་མར་རེ། ཉི་མར་སྒུག།

ཡི་གེ་སྦྱངས།

ཞོགས་པ་རེ་རེར། ཉི་འོད་རི་རྩེ་ལས་འཛུམ་ནས་

སྒེའུ་ཁུང་དུ་སིམ་དུས།

མགོ་ཐོག་གི་མུན་པའི་ནམ་མཁའ་མཐའ་ལ་

བསྐྲད་པར་དགའ་འབོད་བྱས།

དངངས་སྐྲག་དང་འཇིགས་སྣང་གི་མུན་གྲིབ་

རིང་དུ་དཀྱེལ་བར་སྤྲོ་བ་བརྟས།

སྒེའུ་ཁུང་ལ་ལག་པ་བསྲིངས་ནས་གསེར་མདོག་གི་

འོད་ཀྱི་ཟེགས་མ་འཐུ་ཞོར།

མཚན་གྱི་མུན་པའི་འཇབ་རྒོལ་ལ་

ཐོད་ལན་སྤྲོད་པའི་སྟ་གོན་བྱས།

དེ་དུས། འོད་སྣང་ལ་གྲིབ་ཤོས་ཆེ་བ་མ་ཚོར་བས།

འོད་སྣང་དུ་ཁས་འཆེས་པ་མཐའ་དག་འོད་སྣང་དུ་སྒོམ།

འོད་སྣང་ལ་སྙེག་དྲགས་པས།

འོད་སྣང་དུ་བརྫུས་པའི་མུན་པའང་འོད་དུ་འཕྲུལ།

དེ་དུས།འོད་སྣང་ཁོ་ན་ད་གཟོད་འཇའ་ཡི་

གཤོག་པར་རློམ།

རླུང་གི་ཞྭ་མོར་སྒོམ། ཆར་གྱི་མེ་ཏོག་ཏུ་བསམ།

སྤྲིན་པའི་རྒྱན་ཆ་རུ་འུར།

དབྱངས་གསལ་གྱི་འོད་སྣང་གིས་བསལ་བའི་ལོ་ཟླ་དེ་དག།

ན་ཚོད་ཀྱི་ཆུ་རིས་ལ་བརྒྱུས་ནས་རིང་དུ་བྲལ་དུས།

འཁྲེང་ཞེན་དང་མིག་ཆུ་ལ་བརྒྱུས་པའི་

ཕྱིར་དྲན་དེ་དག་ལས།

ཁྱོད་ལ་ཅི་ཡང་མི་འདུག།

ཐ་ན་འོད་སྣང་གིས་བྱུགས་པའི་དབྱངས་གསལ་

སོ་བཞིའི་སྐེ་རྒྱན་ཞིག་ཕར་ཞོག།

ཕ་ཡི་སྐད་དང་མ་ཡི་དབྱངས་རྟ་དག་མ་ཞིག་ཀྱང་

ལྷག་མི་འདུག།

ལོ་ཟླས་བསམ་དབང་མེད་པར་གདུག་རྩུབ་ངང་

འོད་སྣང་རེ་རེ་ཧབ་ཀྱིས་འགམ།

བཙལ་བཙལ་བའི་མཐའ་མར།

ཁ་ཆག་སྣ་རལ་གྱི་འོད་སྣང་འགའ་ལས་

ཅི་ཡང་མ་རྙེད་པས།

འོད་སྣང་ལ་སྙེག་པའི་སེམས་པ་དེའང་ཨ་ཐང་ཆད།

འོད་སྣང་གི་རི་རྒྱུད་དུ་མའི་ཕ་མཐར་བརྒལ་རྗེས།

འོད་སྣང་གི་ཕ་རོལ་དུ་འོད་སྣང་མེད་པར་

མུན་པས་ཁེབས་པ་ཤེས།

མུན་པའི་ཕར་རྒྱབ་ཏུ་ད་དུང་མུན་པ་ལས་

འོད་སྣང་མི་འདུག་བསམ།

ཕྱིར་ལ་ལྟ་དུས།

ཐོག་མའི་འོད་སྣང་སྙེག་ས་དེ་ཁོ་ན་ད་གཟོད་འོད་ཀྱི་

འགོ་ཁུངས་སུ་མཐོང་།

ང་ཚོ་འོད་སྣང་དང་བར་ཐག་གྱེས་དྲགས་འདུག།

འོད་སྣང་འཚོལ་ཕྱིར་འོད་སྣང་དང་གྱེས་དྲགས་པས།

འོད་སྣང་ལ་ཕྱོགས་པའི་རྣམ་ཤེས་ཤིག།

འདི་ལྟར་མུན་པ་དང་ཉེ་རུ་བཅར།

འོད་སྣང་དང་རིང་དུ་གྱེས།

ལམ་བར་ནས་རྙེད་པའི་ཁ་ཆག་སྣ་རལ་གྱི་

འོད་སྣང་རེ་རེ་ཡིས།

ངས་འོད་ཀྱི་གོང་བུ་ཞིག་འགྲུབ་པར་རེ་ནས།

ཁུག་མར་བཅུག་ཅིང་ཕུགས་ཀྱི་སྒམ་དུ་བསགས།

དེ་ནི་གཅིག་བྱས་ན་དུས་ནམ་ཞིག་ལ་

ས་ཆེན་མུན་པས་གཡོགས་དུས།

རང་ལ་འཇིགས་སྣང་མི་སྐྱེ་བའི་ཕྱིར་དུ་ཡིན།

གཉིས་བྱས་ན་རི་བོའི་ཕར་རྒྱབ་ཀྱི་མུན་པ་

རང་ཡུལ་ལ་མཆེད་དུས།

ཡུལ་མི་ཚོར་དངངས་སྐྲག་མི་ཡོང་བའི་ཆེད་ཡིན།

ཡིན་ནའང་།

འོད་སྣང་དེ་དག་ལས་ངས་ཕ་རོལ་པོའི་

གཟུགས་བརྙན་མཐོང་གི་མི་འདུག།

གཟུགས་བརྙན་ཕར་ཞོག་ཐ་ན་རང་གི་

རྡོག་ལམ་ཡང་མཐོང་གི་མི་འདུག

འོད་སྣང་མེད་པའི་འོད་སྣང་དེ་དག།

ངས་ཁུག་མར་འཇུག་དོན་ནི་འོད་སྣང་འཚོལ་ཕྱིར་ཡིན།

ད་ནི་འོད་སྣང་མེད་ན།

ངས་ད་དུང་དེ་དག་འོད་སྣང་དུ་སྒོམ་མམ།

ཡང་ན་མུན་པར་བསྟུན་ཐབས་བྱས་ཏེ་མུན་པའི་

བྲན་དུ་འཆའ།

གང་ལ་འཇིགས་ན་དེ་དང་འཕྲད་ལ།

གང་ལ་ཞུམ་ན་དེ་དང་འཁྲུག་ངེས།

དེ་ནི་འོད་སྣང་འཚོལ་བའི་ལམ་བར་ནས་

རྙེད་པའི་ཚིག་སྡོམ་འགའ་རེད།

གལ་སྲིད།

འོད་སྣང་གི་ཕ་རོལ་ངོ་མ་མུན་པ་ཡིན་ན།

ངས་སྔ་མོ་ནས་མུན་པར་བསྙེགས་ན་འཆུག་མི་འདུག་ཨང་།

ཅིའི་ཕྱིར་འོད་སྣང་ཁོ་ན་སྙེག།

རིགས་ཀྱི་བུ། འོད་སྣང་སྙེགས་ཤིག།

ཁྱོད་རང་འོད་ཀྱི་བུ་ཡིན་པས་འོད་སྣང་སྙེག་འོས།

འོད་ཀྱི་ཕ་རོལ་ཏུ་འོད་ཀྱི་གོང་བུ་ཡོད།

དག་ཞིང་གི་རང་གཟུགས་ཡོད།

ཤམ་བྷ་ལའི་ཞིང་ཁམས་ཡོད།

རི་ཁའི་དར་ལྕོག་གིས་དེ་ལྟར་གསུངས།

རྫ་ཁའི་འབྲོང་རྒོད་ཀྱིས་དེ་ལྟར་སྐུལ།

ཁོ་རེ། དེ་དག་ལ་མ་གསན་ཅིག།

འོད་ཀྱི་མ་མ་མུན་པ་ཡིན།

འོད་ཀྱི་བས་མཐའ་མུན་པ་ཡིན།

མུན་པ་དང་མཐུན་པར་བྱོས་ཤིག།

མུན་པ་དང་བསྟུན་ནས་སོང་ཞིག།

འགྱིག་གི་འཁོར་ལོས་དེ་ལྟར་བཤད།

ལྕགས་ཀྱི་འཕྲུལ་ཆས་དེ་ལྟར་བསྙད།

དེས་ན།

ངས་སྔར་ལྟར་འོད་སྣང་སྙེག་གམ།

ཡང་ན་མུན་པར་ལོབས་ནས་མུན་པ་གྲོགས་སུ་དགུག

༼ ཁྲི་ཟླ་གཞོན། ༽