国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཞིང་ཆེན་ཆུ་བེད་ཐིང་དུ་འཚམས་འདྲི་དང་འབྲེལ་ལས་ཀ་གྲོས་མོལ་ གནང་བར་ཕེབས།

སྤྱི་ཟླ7ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཁྲེང་ཏུའུ་རུ་ཞིང་ཆེན་ཆུ་བེད་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ལི་ཅ་ཡོན་ཏུང་ལི་ལ་མཇལ་འཛོམས་དང་འབྲེལ་བཞུགས་མོལ་སྤེལ་རེས་གནང་བ་རེད། ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཆུ་བེད་ཐིང་གིས་དཀར་མཛེས་ཁུལ་གྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཆུ་བེད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཧྲེན་དབྱང་གིས་ཞིང་ཆེན་ཆུ་བེད་ཐིང་གིས་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ང་ཚོར་ཆུ་བེད་བསྒྱུར་བཅོས་ཕྱོགས་ཡོངས་ནས་སྐུལ་བ་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་བཀོད་བབ་ལེགས་སུ་གཏོང་བ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་ལ་ཁྲིད་སྟོན་དང་རོགས་རམ་བྱས་པར་བརྟེན། ཁུལ་ཡོངས་ཀྱི་ཆུ་བེད་འདེགས་སྐྱོར་དང་འགན་སྲུང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཡུལ་གལ་ཆེན་ཞིག་ཡིན་པས་ཆུའི་སྐྱེ་ཁམས་བཅོས་སྐྱོང་དང་ཆུའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པས། ཆུ་བེད་ཐིང་གིས་སྔར་བཞིན་ང་ཚོར་སེམས་ཁུར་དང་མཛུབ་ཁྲིད་གནང་བ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་དང་། ས་གནས་ཀྱི་ཆུ་དྲྭ་འཆར་འགོད་འཛུགས་སྐྲུན། ཆུ་བོ་དང་མཚེའུ་བཅོས་སྐྱོང་། ཆུའི་ཐོན་ཁུངས་བཀོད་སྒྲིག། ས་ཆུ་འོས་འཚམ་སྲུང་སྐྱོང་། ཆུ་ལོག་དང་ཐན་པ་འགོག་བཅོས། ཞིང་སྡེའི་འཐུང་ཆུ་གཙང་མ་དང་ཆུ་གློག་གནས་སྤོས་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་ལས་མང་བ་གནང་སྟེ་དཀར་མཛེས་ཁུལ་ལ་ཕྱོགས་ཡོངས་ནས་ཆུ་བཅོས་སྐྱོང་དང་ཆུ་བེད་སྤྱོད། ཆུ་དར་སྤེལ་བཅས་ཀྱི་དོན་དག་ཆེན་པོ་ལེགས་པར་བསྒྲུབ་རོགས་ཞེས་ཞུས་པ་རེད།

ཏུང་ལི་ཡིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་ཆུ་བེད་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་པར་མ་ཟད། དཀར་མཛེས་ཁུལ་གྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ལ་གཞིགས་ནས་ཁོང་གིས་ཆུ་བེད་ཐིང་གིས“ཞབས་ཞུ་དགོས་པ་གསུམ་”གྱི་ལས་ཀའི་འདུ་ཤེས་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་སྔར་བས་ཞིབ་ཏུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དཀར་མཛེས་ཁུལ་གྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་གྱི་ཆུ་ལོག་གི་གནོད་འཚེ་འགོག་བཅོས་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་། ཆུའི་ཐོན་ཁུངས་དོ་དམ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆུའི་ཉེན་མེད་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)