སྤྱི་ཟླ7པའི་ཚེས19ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། དར་མདོ་གྲོང་ཁྱེར་ཏང་ཨུ་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི2025ལོའི་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དར་མདོ་གྲོང་ཁྱེར་ལྷ་སྒང་རྩྭ་ཐང་དུ་འགོ་བཙུགས་པ་རེད། རྒྱལ་ཡོངས་ས་གནས་ཁག་གི་རོལ་དབྱངས་ལ་དགའ་མཁན་མང་པོ་གནས་འདིར་འཛོམས་ནས་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་། གངས་རིས་བསྐོར་བའི་དམིགས་བསལ་ཅན་གྱི་རོལ་དབྱངས་གསོལ་སྟོན་ལ་རོལ་ཅིང་། ཐེངས་འདིའི་རོལ་དབྱངས་དུས་ཆེན་ནི2025ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དང་གངས་དཀར་སྒྱུ་རྩལ་དུས་ཚིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།
ཐེངས་འདིའི་རོལ་དབྱངས་འདུ་ཚོགས་ལ་རྒྱལ་ལམ318དང་། བཞག་བྲ་གློག་རྡུལ་གར་སྟེགས། ལྷ་སྒང་འཛམ་གླིང་རོལ་དབྱངས་གར་སྟེགས་བཅས་གར་སྟེགས་ཆེན་པོ་གསུམ་བཙུགས་ནས་རོལ་དབྱངས་ལ་དགའ་མོས་མི་གཅིག་པའི་མི་ཚོགས་ཀྱི་དགོས་མཁོ་བསྐངས་ཡོད། བྱེད་སྒོར་ངོ་མཚར་ཆེ་བའི་རོལ་དབྱངས་འཁྲབ་སྟོན་དང་། རྟ་རྒྱུགས། གོས་རྒྱན་བཤམ་འཁྲབ། བོད་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་བཤམ། དེ་མིན་ཡུལ་དངོས་སུ་གུར་ཕུབ་ནས་ཞག་སྡོད་ཆོག་པ་བཅས་ཡིན་ལ། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཐབས་ཤེས་ཁྱད་པར་ཅན་གྱིས་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ་སྤྱི་ཕན་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་ནས་རོལ་དབྱངས་ཀྱི་གསོལ་སྟོན་ལ་རོལ་བ་དང་ཆབས་ཅིག་ཏུ་བརྩེ་བ་ཟབ་མོའི་གཅེས་སེམས་ཀྱང་མངོན་པ་རེད།
ཐེངས་འདིའི་རོལ་དབྱངས་དུས་ཆེན་ནི་རོལ་དབྱངས་འདུ་ཚོགས་ཤིག་ཡིན་པར་མ་ཟད། རིག་གནས་ཁྱབ་སྤེལ་གྱི་གོ་སྐབས་ཤིག་ཀྱང་ཡིན་པས་རོལ་དབྱངས་དང་སྒྱུ་རྩལ། ཟས་མཆོག། དམངས་སྲོལ་སོགས་གཞི་རྒྱུ་མཉམ་འདྲེས་བྱས་པར་བརྒྱུད། ཡུལ་སྐོར་བ་ཚོ་ལ་དཀར་མཛེས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ལྗོངས་ཁུལ་དང་ཕུན་སུམ་ཚོགས་པའི་རིག་གནས་མྱོང་ཚོར་བྱེད་དུ་བཅུག་པ་དང་། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་མཛེས་སྡུག་ལྡན་པའི་རྩྭ་ཐང་དེའི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་རུ་ཕྱིན།། ( ཡེ་ཤེས་ཀྱིས་བསྒྱུར།)