ཉེ་ཆར། དཔལ་ཡུལ་རྫོང་གཏེར་ལྷུང་ཡུལ་ཤོག་གི་ར་ནག་གསོ་སྤེལ་རྟེན་གཞིར་བསྐྱོད་སྐབས། པད་ལོག་གི་ཚལ་ཞིང་ནི་སྔོ་ལྗང་ལྗང་གིས་ཁེངས་ཞིང་། པད་ལོག་གི་སྡོང་རྐང་སྦོམ་ཞིང་གསོན་ཤུགས་ལྡན་པ། སྐྱེ་ཚུལ་ལེགས་པོ་འདུག།
ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་ཁྱད་ཆོས་ཞིང་ལས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཆེད། ད་ལོར་དཔལ་ཡུལ་རྫོང་ཞིང་ལས་ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་གིས་ཐོན་ལས་འཕེལ་རྒྱས་བྱ་ཐབས་གསར་གཏོད་བྱས་ཏེ་སློབ་གསོའི་སྡེབ་སྐྱེལ་མངགས་ཐོའི་དགོས་མཁོས་ཁྲིད་སྟོན་དུ་བྱས་ཏེ། གཏེར་ལྷུང་ཡུལ་ཤོག་གི་ར་ནག་གསོ་སྤེལ་རྟེན་གཞི་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། རྟེན་གཞིའི་ས་མུའུ30བསྐྱར་དུ་འཆར་འགོད་བྱས་པ་དང་། ས་གནས་དེ་གའི་ས་རྒྱུ་དང་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་པད་ལོག་འདེབས་འཛུགས་ལ་གནོད་མེད་ཀྱི་ཁོར་ཡུག་བསྐྲུན་ཡོད།
རྟེན་གཞིའི་པད་ལོག་འདེབས་འཛུགས་ལེགས་གྲུབ་ཡོང་བར་འགན་ལེན་བྱ་ཆེད་དང་དུས་མཉམ་དུ་སློབ་མ་ཚོར་སྔོ་ཚལ་མཁོ་སྤྲོད་ཉེན་མེད་ཡོང་བར་འགན་ལེན་བྱེད་ཆེད། སྤྱི་གཉེར་ཁང་གིས་ས་བོན་འདེམས་པ་དང་མྱུ་གུ་གསོ་སྐྱོང་བྱེད་པ་ནས་ཞིང་ནང་དོ་དམ་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཉེན་མེད་ཞིང་ལས་ཐོན་སྐྱེད་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་བྱས་ཏེ། སྐྱེ་ལྡན་ལུད་གསོ་སྐྱོང་དང་དངོས་ལུགས་འབུ་འགོག་སོགས་སྐྱེ་ཁམས་འདེབས་འཛུགས་ལག་རྩལ་སྤྱད་དེ་པད་ལོག་གི་སྤུས་ཚད་ཉེན་མེད་བློས་འཁེལ་ཆོག་པར་འགན་ལེན་བྱས་ཡོད།
ཚོད་རྩིས་བྱས་པར་གཞིགས་ན། དོ་དམ་ཞིབ་ཚགས་བྱས་པར་བརྒྱུད་པད་ལོག་འདེབས་འཛུགས་ཁུལ་དེའི་མུའུ་རེར་ཐོན་ཚད་དམའ་ཤོས་ལ་སྤྱི་རྒྱ2500ཡས་མས་ཟིན། སྤུས་ལེགས་པད་ལོག་དེ་དག་སློབ་གསོའི་སྡེབ་སྐྱེལ་མངགས་ཐོ་བརྒྱུད་ནས་རྫོང་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་དུ་བསྐྱལ་ནས་སློབ་མ་མང་པོའི་སྔོ་ཚལ་དགོས་མཁོར་འགན་ལེན་ནུས་ལྡན་བྱས་ཡོད།
དེ་དང་ཆབས་ཅིག་ཏུ་པད་ལོག་འདེབས་འཛུགས་དང་། དོ་དམ་སྲུང་སྐྱོང་། བསྡུ་ལེན་སོགས་བར་ཚིགས་ཁག་ཏུ་ས་གནས་དེ་གའི་མང་ཚོགས་ལ་གནས་སྐབས་ཀྱི་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་ནས་ཡུལ་མི་ཚོ་སྒོ་འགྲམ་ནས་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་ཡུལ་སྡེའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ་རེད།
སྤྱི་གཉེར་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྤེལ་རྟེན་གཞིའི་ས་ཞིང་ལེགས་སྒྲིག་བྱས་པ་དེས་ས་ཞིང་ཐོན་ཁུངས་བསྐྱར་དུ་བེད་སྤྱོད་ཐུབ་པར་མ་ཟད། ཡུལ་སྡེ་དར་རྒྱས་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། གསར་གཏོད་བྱེད་ཐབས་དེས་ར་ནག་གསོ་སྤེལ་རྟེན་གཞིའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཕྱིན་པར་མ་ཟད། ཞིང་ལས་ཐོན་སྐྱེད་དང་ཁྲོམ་རའི་མཁོ་སྤྲོད། དམངས་འཚོ་འགན་སྲུང་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཏེ་ཡུལ་སྡེ་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)